དགེ་ལེགས་ཕུག་ལུ་སྡོད་མི་ཚུ་ ཆུ་མ་ལང་པའི་ དཀའ་ངལ་བྱུང་དོ་ཡོདཔ།

༉ དགེ་ལེགས་ཕུག་ལུ་ ད་རེས་ གནམ་བྱཱར་གྱི་ ཚ་དྲོད་ནང་ ཆུ་མཛོད་དང་ ཆུའི་ཀ་ལི་ཚུ་ནང་ ཆུ་མེད་པའི་དཀའ་ངལ་ཐོན་ཏེ་ ཡོདཔ་ཨིན་པས།
འདས་པའི་ཉིནམ་༥ དེ་ཅིག་ ཁྲོམ་སྡེ་ནང་སྡོད་མི་ཚུ་ འཐུང་ཆུ་མ་འཐོབ་པར་ཡོདཔ་ད་ ཆུ་མཛོད་ནང་ གསོག་འཇོག་འབད་མི་ ཆུ་ཚུ་ཡང་ ཆ་མཉམ་ར་ རྫོགས་སོཔ་ལས་ དམིགས་བསལ་དུ་ ཟ་ཁང་ལག་ལེན་འཐབ་མི་ཚུ་ལུ་ དཀའ་ངལ་བྱུང་སྟེ་ ཡོདཔ་ཨིན་པས།
ཀུན་འབྱུང་ཟ་ཁང་གི་ཇོ་བདག་ སྐྱེས་ལོ་༥༠ ལང་མི་ བི་ནོཌ་ པ་ར་དཱན་གྱིས་ སླབ་མིའི་ནང་ འཐུང་ཆུའི་དཀའ་ངལ་བྱུང་སྟེ་ བདུན་ཕྲག་༡ དེ་ཅིག་ ལང་ཡོདཔ་ལས་ ཁྲོམ་སྡེའི་ཡིག་ཚང་དང་གཅིག་ཁར་ འབྲེལ་བ་འཐབ་རུང་ ཕན་ཐོགས་མ་འབྱུང་ཟེར་ཨིནམ་ད་ ཚོང་མགྲོན་པ་ཚུ་གིས་ ཉལ་ཁང་ཚུ་ མ་ལེན་པའི་ཧེ་མར་ ཆུའི་སྐོར་ལས་ དྲི་དོ་ཡོདཔ་ལས་ ཆུ་མེད་པར་ ཚོང་འབྲེལ་འཐབ་མི་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཐུང་ཆུ་མེད་པའི་ དཀའ་ངལ་ཐོན་པའི་སྐབས་ སྣུམ་འཁོར་བོ་ལེ་རོ་ཚུ་བདའ་སྟེ་ ཆུ་དབོགས་པར་འགྱོ་རུང་ ཆུ་རྐ་ཚུ་ ཉེ་འདབས་ལུ་མེད་ནི་དེ་གིས་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཁོ་གི་ཟ་ཁང་ནང་ ཉིན་བསྟར་བཞིན་དུ་ ཆུ་ལི་ཊར་༥,༠༠༠ དེ་ཅིག་དགོ་རུང་ ལི་ཊར་༢༠༠ དེ་ཅིག་ལས་ ཐོབ་མི་ཚུགས་པས་ཟེར་ཨིནམ་ད་ ཁྲོམ་སྡེ་གིས་ གནམ་བྱཱར་ཆརཔ་མ་རྐྱབ་པའི་ སྔ་གོང་ལས་ར་ གནད་དོན་དེ་ལུ་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ཨིན་པས།
ཉིནམ་༥ དེ་ཅིག་ ཆུ་མེད་པའི་ དཀའ་ངལ་ཐོན་ཡོདཔ་བཞིན་དུ་ ཁ་ཙ་ལས་ ཁྲོམ་སྡེ་གིས་ དུས་ཡུན་ཆུ་ཚོད་༡ གི་རིང་ ཆུ་བཏང་ཡོད་རུང་ ཟ་ཁང་གི་ ཇོ་བདག་ཚུ་གིས་འབད་བ་ཅིན་ ཆུ་སྦོམ་མི་འོང་དོ་ཡོདཔ་ལས་ ཆུ་ཚོད་༡ གི་རིང་ ཆུ་བཏང་མི་དེ་གིས་ ལང་མི་ཚུགས་པས་ཟེར་ཨིན་པས།
ཨིས་ཊར་ ལ་ཡེཊ་ཟ་ཁང་གི་ལས་བྱེདཔ་ མཚོ་མོ་གིས་ སླབ་མིའི་ནང་ འདས་པའི་ཉིནམ་དག་པ་ཅིག་ ཟ་ཁང་གི་ ཉལ་ཁང་ཚུ་ ཚོང་མགྲོན་པ་ཚུ་ལུ་ མ་སྤྲོད་ཟེར་ཨིནམ་ད་ ཚོང་མགྲོན་པ་ཚུ་གིས་ ཆུ་མེད་པ་ཅིན་ སྡོད་མ་བཏུབ་པའི་ཁར་ ཧེ་མ་ལས་ སྡོད་མི་ཚུ་གིས་ཡང་ ཉོགས་བཤད་བཀོད་དོ་ཡོདཔ་ལས་ ཆུ་ཚོད་༡ གི་རིང་ ཆུ་བཏང་མི་དེ་གིས་ ལི་ཊར་༡,༠༠༠ ཡང་ གང་མི་ཚུགས་པས་ཟེར་ཨིན་པས།
ཀུན་གྲུབ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ཡང་ འཐུང་ཆུ་མེད་པའི་ དཀའ་ངལ་བྱུང་ཡོདཔ་ད་ དབུ་འཛིན་ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་གནམ་བྱཱར་བཟུམ་སྦེ་ དཀའ་ངལ་སྦོམ་ཅིག་ མ་འཐོན་རུང་ གནད་དོན་དེ་ལུ་ གཙོ་རིམ་བཟུང་དགོ་ཟེར་ཨིནམ་ད་ དུས་ཅི་ སྣུམ་འཁོར་བོ་ལེ་རོ་དང་ ཊཱག་ཚུ་ནང་ ཆུ་འདེགས་འབག་འོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་སྡེ་གིས་ དུས་ཡུན་ཆུ་ཚོད་༢༤ གི་རིང་ འཐུང་ཆུ་བཀྲམ་སྤེལ་གྱི་ ཁས་ལེན་འབད་ཡོད་རུང་ སློབ་གྲྭ་ནང་ དུས་ཡུན་ཆུ་ཚོད་དག་པ་ཅིག་ལས་བརྒལ་ ཆུ་འོང་ནི་མེད་ཟེར་ཨིནམ་ད་ དུས་ཅི་ སློབ་གྲྭ་གིས་ ས་འོག་གི་ ཆུ་མཛོད་ཁང་རྐྱབ་སྟེ་ཡོདཔ་ལས་ ཆུའི་དཀའ་ངལ་ཐོན་པའི་སྐབས་ དེ་ནང་ལས་ སེལ་ཐབས་འབད་དོ་ཟེར་ཨིན་པས།
དགེ་ལེགས་ཕུག་ཁྲོམ་དཔོན་ ཊི་ཀ་རམ་ ཀཱཕ་ལེགས་ཀྱིས་ སླབ་མིའི་ནང་ འདས་པའི་ཉིནམ་དག་པ་ཅིག་ ཆུ་བཀྲམ་སྤེལ་འབད་མ་ཚུགས་མི་དེ་ཡང་ མའུ་ཁོ་ལ་ལུ་ཡོད་མི་ ཆུ་ལེགས་བསྒྱུར་ཁང་གི་ གློག་ཐག་གི་ ཆུ་འཐེན་འཕྲུལ་ཆས་མེད་ཐལ་སོཔ་ལས་ ཅ་ཆས་ཚབ་མེད་པའི་ཁར་ དཔལ་རི་ཐང་གི་ ཆུ་རྐ་དེ་ཡང་ ཆུ་རུད་ཀྱིས་ འཕྱགས་བདའ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་འབད་བ་ཅིན་ ད་རེས་ ཉམས་བཅོས་འབད་ཚར་ཡོདཔ་ལས་ ཆརཔ་ཤུགས་སྦེ་ མ་རྐྱབ་པ་ཅིན་ འཐུང་ཆུའི་དཀའ་ངལ་ མི་འཐོན་ཟེར་ སླབ་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *