དགེ་ལེགས་ཕུག་དང་ གཞལམ་སྒང་གི་བར་ན་ ས་གནས་ཨའེ་སི་ལིབ་ལུ་ ས་རུད་ཆད་སར་ གནས་སྐབས་ཀྱི་ལམ་བཏོན་ཏེ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་བཅུག་པའི་བསྒང་།

དགེ་ལེགས་ཕུག་དང་ གཞལམ་སྒང་གི་བར་ན་ གཞུང་ལམ་བསུབས་ཡོད་མི་ཚུ་ ཁ་ཙ་བསལ་ཚུགས་ཡོདཔ།

༉ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ དགེ་ལེགས་ཕུག་དང་ གཞལམ་སྒང་གི་བར་ན་ ས་གནས་ཁག་ལེ་ཤ་ཅིག་ནང་ གཞུང་ལམ་བསུབས་ཡོད་མི་དེ་ ཁ་ཙ་ ཉིན་མ་ཁམས་ཅིག་ཁར་ བསལ་ཚུགས་ཡོདཔ་ཨིན་པས།
དགེ་ལེགས་ཕུག་དང་ འཇིགས་མེད་ཆོས་གླིང་གི་བར་ན་ ས་གནས་ཁག་༤ དེ་ཅིག་ནང་ གཞུང་ལམ་བསུབས་ཡོད་མིའི་གྲས་ལས་ ཨོ་སི་ཟེར་མི་ནང་ ཤུགས་སྦེ་ར་ བསུབས་ཡོདཔ་ད་ ཨོ་སི་དེ་ དགེ་ལེགས་ཕུག་ལས་ ཀི་ལོ་མི་ཊར་༢༨ ཀྱི་ ས་ཁར་ཨིན་པས།
དེ་ཡང་ ལམ་ལྟག་ལས་མར་ རྡོ་བུད་འོང་མི་དང་ ས་རུད་ཆད་མི་ཚུ་གིས་ འཁོར་ལམ་མི་ཊར་༩༠ དེ་ཅིག་ བསུབས་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༥ པའི་ཚེས་༢༢ ལས་བརྒལ་ འཁོར་ལམ་བསུབས་ཡོད་མི་ཚུ་ བསལ་ནི་འགོ་བཙུགས་མ་ཚུགསཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ ས་གནས་བཟོ་རིག་འགོ་དཔོན་ བསམ་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ ཨའེ་སི་ལིབ་དང་ བོསི་ཀ་ཊིང་ལུ་ འཁོར་ལམ་བསུབས་མི་ལུ་བརྟེན་ ས་རྐོ་འཕྲུལ་ཆས་ཚུ་ བགོ་བཀྲམ་འབད་མ་ཚུགསཔ་ལས་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༣.༤༥ ལས་བརྒལ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་ཟེར་ཨིན་པས།
ཨོ་སི་ལུ་ འཁོར་ལམ་བསལ་ནིའི་དོན་ལུ་ འཕྲུལ་ཆས་ཚུ་ གཏན་འཇགས་སྦེ་ བཞག་དོ་ཡོདཔ་ད་ ས་གོ་ནང་ འཇམ་ས་ཡོད་མི་ལུ་བརྟེན་ ཆརཔ་མ་རྐྱབ་རུང་ འཁོར་ལམ་བསུབས་མས་ཟེར་ ས་གནས་བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
དགེ་ལེགས་ཕུག་ཚྭ་ཆུའི་ ཉེ་འདབས་ལུ་ཡོད་པའི་ བོགསི་ཀ་ཊིང་ནང་ གནམ་བྱཱར་ཨ་རྟག་ར་ འཁོར་ལམ་དེ་ བསུབས་དོ་ཡོད་རུང་ ད་ལྟོ་ འཁོར་ལམ་དེ་ སྦོམ་སྦེ་མ་བསུབས་པར་ཡོད་ཟེར་ཨིནམ་ད་ ས་ཁོངས་དེ་ནང་ ནམ་ཕྱི་རུ་ བསུབས་དོ་ཡོདཔ་ལས་ འཁོར་ལམ་དེ་ དེ་འཕྲོ་ལས་ བསལ་ནིའི་དོན་ལུ་ འཕྲུལ་ཆས་ཚུ་ཡང་ ས་གནས་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།
ས་གནས་ཨའི་སི་ལིབ་ནང་ཡང་ ཁ་ཙ་ཉིན་མ་ཚུན་ བསུབས་ཡོདཔ་ད་ འཁོར་ལམ་ནང་ བྱེམ་དང་ རྡོ་མི་ཊར་༨༠ དེ་ཅིག་ སྤུངས་ཡོད་མི་ལུ་བརྟེན་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ འདུག་ཟེར་ཨིན་པས།
ཁ་ཙ་ ཤེ་ཏི་ཁ་རི་ས་ཁོངས་ནང་ཡང་ ཆུ་ཚོད་༣ དེ་ཅིག་ འཁོར་ལམ་བསུབས་ཡོདཔ་བཞིན་དུ་ འཁོར་ལམ་ཁར་ ཆུ་འཁྱིལ་སྡོད་མི་ཚུ་ བཏོན་གཏང་ནིའི་དོན་ལུ་ ཆུ་དུང་༤ བཙུགས་ཐོག་ལས་ བསལ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *