དགེ་ལེགས་ཕུག་གི་ སྐྱེལ་འདྲེན་པ་ཚུ་གིས་ ནང་འདྲེན་གྱི་སྒྲིག་གཞི་ཚུ་ སོར་དགོཔ་སྦེ་སླབ་ཡོདཔ།

༉ ཉིན་བསྟར་བཞིན་དུ་ དགེ་ལེགས་ཕུག་ལུ་ ཉེ་བར་མཁོ་བའི་བཟའ་འཐུང་གི་རིགས་ཚུ་ སྐྱེལ་འདྲེན་འབད་མི་ རྒྱ་གར་གྱི་སྣུམ་འཁོར་ཊཱག་༢༠ ལྷགཔ་རེ་ འཛུལ་དོ་ཡོད་རུང་ རྒྱ་གར་གྱི་དེད་གཡོགཔ་ཚུ་ གླ་ཁར་བཙུགས་ཏེ་ བཟའ་འཐུང་གི་རིགས་ཚུ་ སྐྱེལ་འདྲེན་འབད་མི་ འབྲུག་པའི་སྐྱེལ་འདྲེན་པ་ཚུ་ལུ་ ས་མཚམས་སྒོ་ར་ནང་ལས་ འཛུལ་མི་བཅུག་དོ་ཡོདཔ་ཨིན་པས།

དགེ་ལེགས་ཕུག་ལས་ཨིན་མི་ ཁག་འབགཔ་དང་ སྐྱེལ་འདྲེན་པ་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ བཟོ་སྐྲུན་གྱི་ཅ་ཆས་དང་ བཟའ་འཐུང་གི་རིགས་ཚུ་འབག་མི་ སྣུམ་འཁོར་ཊཱག་༦ དེ་ཅིག་འོངམ་ད་ དགེ་ལེགས་ཕུག་ལུ་ མ་འཛུལ་བའི་ཧེ་མར་ ཉིནམ་ ༢ དེ་ཅིག་ བསྒུག་སྡོད་དགོཔ་བྱུང་ཡོདཔ་ཨིན་པས།

དེ་ཡང་ ད་ལྟོ་ཡོད་མི་ ཀོ་བིཌ་-༡༩ འི་སྒྲིག་གཞི་གིས་ རྡོ་ཕྱིར་ཚོང་འཐབ་མི་དང་ རྒྱ་གར་གྱི་སྣུམ་འཁོར་ཊཱག་དང་ དགེ་ལེགས་ཕུག་གི་དོན་ལུ་ དོ་འབག་མི་ རྒྱ་གར་གྱི་སྣུམ་འཁོར་ཚུ་རྐྱངམ་གཅིག་ལུ་ གནང་བ་ཡོད་ནི་དེ་གིས་ཨིན་པས།

ལམ་ལུགས་དེ་གིས་ ས་གནས་ནང་གི་ ཊཱག་གི་ཇོ་བདག་ཚུ་ལུ་ ལཱ་མེད་པར་ ལོ་ལང་ནི་འབད་དོ་ཡོད་རུང་ དགེ་ལེགས་ཕུག་ལུ་ཡོད་མི་ ཚོང་པ་དང་ ཁག་འབགཔ་ཚུ་གིས་ སྐྱེལ་འདྲེན་གྱི་ གླ་ཆ་མང་སུ་སྦེ་ སྤྲོད་དགོཔ་བྱུང་ཡོདཔ་ཨིན་པས།

དགེ་ལེགས་ཕུག་ལུ་ཡོད་མི་ ཕྱིར་ཚོང་པ་ཅིག་གིས་ སླབ་མིའི་ནང་ ས་མཚམས་ཞིབ་དཔྱད་སྒོ་རའི་ སྒྲག་གཞི་དེ་ ཧ་མི་གོ་བས་ཟེར་ཨིནམ་ད་ དེ་ཡང་ རྒྱ་གར་གྱི་ ཊཱག་ཚུ་དོ་འབག་སྟེ་ ནང་ན་འཛུལ་བཅུག་དོ་ཡོད་རུང་ ནང་འཁོད་ཀྱི་ཊཱག་ཚུ་ལུ་ འབད་མི་ བཅུག་པས་ཟེར་ཨིན་པས།

ད་རེས་ བཟའ་འཐུང་དང་ ཁག་ཆེ་བའི་ཅ་ཆས་ཚུ་ རྒྱ་གར་གྱི་ཊཱག་རྐྱངམ་གཅིག་ལུ་ འབག་བཅུགཔ་མས་ཟེར་ ཁོ་གིས་བཤདཔ་ཨིན་པས།

ས་གནས་ཀྱི་ ཊཱག་ཚུ་ལུ་ཡང་ སྐྱེལ་འདྲེན་འབད་བཅུག་པ་ཅིན་ འཚོ་བ་སྐྱོང་ནི་ལུ་ ཕན་ཐོགས་ནི་ མས་ཟེར་ཨིནམ་ད་ ནད་ཡམས་ཀྱི་དུས་ཚོད་ནང་ འཚོ་སྐྱོང་འཐབ་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།

རྒྱ་གར་གྱི་ ཊཱག་ཚུ་ལུ་ སྐྱེལ་འདྲེན་གླ་ཆ་མངམ་ སྤྲོད་དགོ་དོ་ཡོདཔ་ལས་ དེ་གིས་སྦེ་ བཟའ་འཐུང་གི་གོང་ཚད་ཚུ་ ཡར་སེང་ སོང་སྟེ་ཡོད་ཟེར་ ཕྱིར་ཚོང་པ་ཅིག་གིས་ བཤདཔ་ཨིན་པས།

རྒྱ་གར་ལས་ པག་ཅུ་དམརཔོ་ནང་འདྲེན་འབད་མི་ ངོ་ཚབ་ཚུ་ཡང་ ཁོང་གི་ཊཱག་ཚུ་ རྡོ་ཕྱིར་ཚོང་ནང་ ཐོ་བཀོད་འབད་བཅུག་སྟེ་ དགེ་ལེགས་ཕུག་གི་ ས་ཐོག་དོ་ཕབ་ལེན་ས་ཁོངས་ནང་ ལོག་འོངམ་ད་ པག་ཅུ་ཚུ་ འབག་བཅུག་དོ་ཡོདཔ་ཨིན་པས།

དེ་གིས་ དགེ་ལེགས་ཕུག་ལུ་ཡོད་མི་ པག་ཅུ་ངོ་ཚབ་ཚུ་ མགུ་འཐོམ་བྱུང་ཡོདཔ་ལས་ པག་ཅུའི་མཁོ་འདོད་ཚུ་ འགྲུབ་མ་ཚུགས་པར་ཡོདཔ་ད་ སྐྱེལ་འདྲེན་གྱི་གླ་ཆ་ཡར་སེང་དེ་གིས་ པག་ཅུའི་གོང་ཚད་ཡང་ ཡར་སེང་འགྱོ་ཡོདཔ་ཨིན་པས།

ཨར་ཀེ་ཚོང་ལས་ཀྱི་ཇོ་བདག་ མུ་ནུ་ ཆེ་ཏི་རི་གིས་ སླབ་མིའི་ནང་ ཕྱིར་ཚོང་འཐབ་མི་ཚུ་གིས་ གླ་ཆ་བྱིན་མ་བཏུབ་པའི་ཤུལ་ལས་ སྤྱི་ལོ་༢༠༢༠ ཟླ་༡༡ པའི་ནང་ལས་ མོ་རའི་ཊཱག་ཚུ་ ཕྱིར་ཚོང་དོན་ལུ་ བཤོལ་ཡི་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ཊཱག་ཚུ་གིས་ ས་ཐོག་དོ་སྐྱེལ་འདྲེན་འབད་ས་ནང་ དུས་ཚོད་ཁར་ ཐོ་བཀོད་འབད་བར་ ལྷོད་ནི་དེ་གདོང་ལེན་ཡོདཔ་ལས་ མཇུག་ལུ་ མི་མང་གིས་ ཅ་ཆས་ཀྱི་གོང་ཚད་ཚུ་ ཡར་སེང་འགྱོ་བའི་ འབྱེམ་འབག་དགོཔ་བྱུངམ་མས་ཟེར་ཨིན་པས།

ད་ལྟོ་ བལྟ་བ་ཅིན་ ཁྲོམ་ཁར་ ཚོང་འབྲེལ་གྱི་ལཱ་མང་ཤོས་ར་ རྒྱ་གར་གྱི་ཊཱག་ཚུ་གིས་འབདཝ་མས་ཟེར་ཨིནམ་ད་ ང་བཅས་ལུ་ཡང་ ནང་འདྲེན་འབད་ནིའི་ གོ་སྐབས་འཐོབ་པ་ཅིན་ ཕན་ཐོགས་ནི་མས་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ རྡོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་གིས་ ལོག་འོངམ་ད་ དོས་འབག་མ་ཆོགཔ་ཨིན་རུང་ ཉིནམ་༡༠ དེ་ཅིག་གི་ཧེ་མ་ལས་ པག་ཅུའི་རིགས་ཚུ་ འབག་བཅུག་ཡོདཔ་ཨིན་པས།

ཕྱིར་ཚོང་གི་ དུས་ཚོད་ངོ་མ་ནང་ ཟླཝ་༡ ནང་ ཊཱག་༢༠ དེ་ཅིག་གིས་ བང་ལ་དེཤ་ལུ་སོང་སྟེ་ལོགཔ་ད་ དོས་འབག་མ་ཆོགཔ་ལས་ སྟོངམ་སྦེ་ར་ འོང་དོ་ཡོདཔ་ཨིན་པས།

ང་བཅས་ལུ་ ལོག་འོངམ་ད་ དོས་འབག་བཅུག་པ་ཅིན་ ཕྱོགས་གཅིག་ལུ་ འགྲོ་འགྲུལ་འབད་བའི་ ཟད་འགྲོ་གསོག་འཇོག་འབད་ཚུགས་ཟེར་ ཕྱིར་ཚོང་པ་ཅིག་གིས་ བཤད་པའི་ཁར་ ད་ལྟོའི་གནས་སྟངས་ནང་ ཟད་འགྲོ་གཏང་དགོཔ་ལས་ ཁེ་སང་དེ་ཅིག་ མིན་འདུག་ཟེར་ཨིནམ་ད་ ང་བཅས་ལུ་ འབག་བཅུག་པ་ཅིན་ ཏི་རུ་དེ་ཡང་ རྒྱལ་ཁབ་ནང་ར་ ལུས་འོང་ཟེར་ཨིན་པས།

རྒྱ་གར་གྱི་ སྣུམ་འཁོར་ཚུ་གིས་ ཇའི་སྒང་ལས་ དགེ་ལེགས་ཕུག་ཚུན་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ ཐེངས་ཅིག་ནང་ དངུལ་ཀྲམ་༥༥,༠༠༠ ལེན་དོ་ཡོདཔ་ད་ འབྲུག་པའི་སྣུམ་འཁོར་ཨིན་པ་ཅིན་ དངུལ་ཀྲམ་༣༢,༠༠༠ ལས་ མི་ལེན་དོ་ཡོདཔ་ཨིན་པས།

བློ་བཟང་ཚེ་རིང་གིས་ སླབ་མིའི་ནང་ ནང་འཁོད་ཀྱི་ དེད་གཡོགཔ་ཚུ་གིས་ གླ་ཆ་དེ་ཡང་ མཐོ་སུ་ཨིན་རུང་ རྒྱ་གར་གྱི་གླ་ ཆ་དང་ཕྱདཔ་ད་ ཉུང་སུ་ཨིན་ཟེར་བཤད་ཅི།

དགེ་ལེགས་ཕུག་ལུ་སྡོད་མི་ སྐྱེལ་འདྲེན་པ་དང་ སྒེར་གྱི་ལས་སྡེ་ཚུ་གིས་ སྒྲིག་གཞི་དེ་ མགུ་འཐོམ་སི་སི་ཅིག་ཨིན་མས་ཟེར་བཤད་པའི་ཁར་ གཅིག་མཚུངས་ཡང་ མིན་འདུག་ཟེར་ཨིན་པས།

རྫོང་ཁག་ཀོ་བིཌ་-༡༩ འི་ལས་བྱེད་ཚོགས་ཆུང་གིས་ གནད་དོན་དེ་ལུ་ འདས་པའི་བདུན་ཕྲག་ནང་ གྲོས་བསྟུན་འབད་དེ་ ཐབས་ལམ་བཏོན་ནིའི་དོན་ལུ་ གནད་དོན་དེ་ ལྷོ་མཚམས་ཀོ་བིཌ་-༡༩ འི་ ལས་བྱེད་ཚོགས་ཆུང་ལུ་ བཏང་ཡོདཔ་ཨིན་པས།

རྫོང་བདག་བློ་བཟང་རྡོ་རྗེ་གིས་ བཤད་མིའི་ནང་ རྡོ་ཕྱིར་ཚོང་འབད་མི་ ཊཱག་ཚུ་ དགེ་ལེགས་ཕུག་ལུ་ འོང་དགོཔ་ལས་ བཟའ་འཐུང་ཚུ་ འབག་བཅུག་ཡོད་ཟེར་ཨིནམ་ད་ རྒྱ་གར་གྱི་ཊཱག་ཚུ་ཡང་ ཟ་ཆས་དང་གལ་ཆེ་བའི་རིགས་ཚུ་ འབག་བཅུག་དོ་ཟེར་ བཤད་ཅི།

རྡོ་ཕྱིར་ཚོང་འཐབ་པའི་སྐབས་ དོས་བསྐྱལ་སའི་ས་ཁོངས་ནང་ལྷོད་ནི་ལུ་ རྒྱ་གར་གྱི་ མངའ་སྡེ་གཉིས་བརྒལ་ཏེ་ འགྱོ་དགོཔ་ལས་ འབྲུག་པའི་སྣུམ་འཁོར་གྱི་ ཇོ་བདག་ཚུ་གིས་ རྒྱ་གར་གྱི་དེད་གཡོགཔ་ཚུ་བཙུགས་ཏེ་ འབད་དོ་ཡོདཔ་ཨིན་པས།

ཨིན་རུང་ ད་རེས་ བཀག་ཆ་དེ་ འབྲུག་པའི་ཊཱག་ཚུ་ ཕྱི་མི་གིས་ལག་ལེན་འཐབ་སྟེ་ ལཱ་འབད་མི་ཚུ་ལུ་ བཀག་ཆ་འབད་དེ་ཡོདཔ་ད་ རྫོང་བདག་གིས་འབད་བ་ཅིན་ ཇའི་སྒང་དང་ དཱད་ག་རི་ལུ་ ཐོགས་ལུས་མི་ འབྲུག་པའི་སྣུམ་འཁོར་ཚུ་ཡོད་པ་ཅིན་ ལས་བྱེད་ཚོགས་ཆུང་གིས་ ཆ་རོགས་འབད་དོ་ཡོདཔ་ལས་ ཊཱག་ཚུ་ འབྲུགཔ་ཚུ་གིས་གཏང་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།

ལམ་ལུགས་དེ་ ཧེ་མ་ལས་ འགོ་བཙུགས་ཡོདཔ་ལས་ ཧང་སྟོང་མར་སོར་ནི་དེ་ འོས་འབབ་མེད་ཟེར་ རྫོང་བདག་གིས་ བཤད་པའི་ཁར་ ལས་བྱེད་ཚོགས་ཆུང་གི་ འཐུས་མི་ཅིག་གིས་བཤད་མིའི་ནང་ ད་ལྟོ་ཡོད་མི་ ལམ་ལུགས་ལུ་ གདོང་ཁར་ཐོན་ཏེ་ལཱ་འབད་མི་ཚུ་གིས་ ལྟ་རྟོག་འབད་མི་དང་ བསྟར་སྤྱོད་འབད་མི་ལུ་ བྱ་སྟབས་མ་བདེཝ་ མིན་འདུག་ཟེར་ཨིན་པས།

ལཱ་ཐེབས་བཙུགས་པ་ཅིན་ ཞིབ་དཔྱད་སྒོ་ར་ནང་ ཉེན་ཁ་ཐེབས་བཟོཝ་ཨིན་ཟེར་ འཐུས་མི་ཅིག་གིས་ བཤད་པའི་ཁར་ ནད་ཡམས་ཀྱི་གནས་སྟངས་དེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ལེགས་བཅོས་འགྱོ་དོ་འོང་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *