ཁྲོམ་དཔོན་ ཊི་ཀ་རམ་ ཀཱཕ་ལེ།

དགེ་ལེགས་ཕུག་ཁྲོམ་དཔོན་གྱིས་ བཙག་འཐུ་ནང་ ལོག་བཅའ་མར་གཏོགས་ནི།

༉ དགེ་ལེགས་ཕུག་ཁྲོམ་དཔོན་ ཊི་ཀ་རམ་ ཀཱཕ་ལེ་གིས་ དགེ་ལེགས་ཕུག་ཁྲོམ་སྡེའི་ནང་ ལོ་༡༥ འི་རིང་ བཟོ་རིག་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ ཁྲོམ་དཔོན་གྱི་གོ་གནས་ཐོག་ ལོ་༥ ཕྱག་ཞུ་བའི་ཤུལ་ལས་ ད་རུང་ ད་རེས་ཀྱི་ ཁྲོམ་དཔོན་བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གཞི་རྟེན་མཐུན་རྐྱེན་གོང་འཕེལ་དང་ ཁྲོམ་གྱི་འཆར་གཞི་ལག་ལེན་ དེ་ལས་ མི་སེར་ཚུ་ལུ་ ཞབས་ཏོག་ཚུ་ སྤུས་ཚད་ཐོག་ལས་ སྤྲོད་ནི་དེ་གིས་ ད་རེས་ཁོ་ར་ ཧེ་མ་བ་དྲག་པའི་ མི་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་ལྟོ་ ལས་འགུལ་སྦོམ་ལ་ལོ་ཅིག་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་མ་ཚད་ ཁྲོམ་སྡེ་ནང་ མཐོང་མ་མྱོང་བའི་ འཆར་གཞི་ལས་རིམ་ཚུ་ཡང་ ཡོད་ཟེར་ཨིན་པས།

ཊི་ཀ་རམ་གྱིས་ བཤད་མིའི་ནང་ ལས་འགུལ་ཚུ་ འཕྲོ་མཐུད་ལག་ལེན་འཐབ་ནི་དང་ མི་སེར་ཚུ་ལུ་ཡང་ འཕྲོ་མཐུད་ཕྱག་ཞུ་ནིའི་ མནོ་བསམ་ཡོད་ཟེར་ཨིན་པས།

ཁོ་གིས་ ལོ་༥ འི་རིང་ ཁྲོམ་དཔོན་གྱི་ འགན་ཁུར་འབག་སྟེ་ གྲུབ་འབྲས་ཅན་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ མི་སེར་གྱི་ཕན་བདེ་ཚུ་ཡང་ ལྟ་ཚུགས་ཡི་ཟེར་ཨིན་པས།

ད་ལྟོ་ཚུན་ འགོ་བཙུགས་མི་དང་ འཆར་གཞིའི་ནང་ཡོད་མི་ ལས་འགུལ་ཆེ་བ་ ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཚུའི་གྲས་ལས་ སྣ་ཚོགས་རྩེད་ཁང་དང་ ཁྲོམ་སྡེའི་རྒྱུན་ལམ་ ཟམ་རྐྱབ་ནི་ དེ་ལས་ བ་ལུ་ཁོ་ལ་ལས་ ཡུན་རིང་ལུ་དམིགས་པའི་ འཐུང་ཆུའི་ལམ་ལུགས་བཟོ་སྐྲུན་འབད་མི་ཚུ་གིས་ དགེ་ལེགས་ཕུག་ཁྲོམ་སྡེའི་ མི་སེར་ཚུ་ལུ་ ཡུན་བརྟན་གནས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ཁོ་གིས་ ཁས་བླངས་འབད་མི་ཚུ་ ཧ་ལམ་ བསྒྲུབས་ཡོདཔ་མ་ཚད་ ཁས་བླངས་ནང་མ་ཚུད་པའི་ ལས་རིམ་ལ་ལོ་ཅིག་ཡང་ འགོ་འདྲེན་འཐབ་ཚུགས་ཏེ་ཡོད་ཟེར་ཨིན་པས།

ཁོ་ར་ བཟོ་རིག་འགོ་དཔོན་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད་ནི་དེ་གིས་ ཁྲོམ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ སྒེར་གྱི་ ཚོང་ལསཔ་ཚུ་ལུ་ ལོག་ས་ཆ་བགོ་བཀྲམ་འབད་དེ་ ཁྲོམ་སྡེའི་དོན་ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༡༠ བཟོ་མི་དང་ ས་གནས་གོང་འཕེལ་འཆར་གཞི་ཚུ་ ཁོ་གི་གྲུབ་འབྲས་ཨིན་ཟེར་ཨིན་པས།

འཐུང་ཆུའི་དོན་ལུ་ བཟོ་བཀོད་ཚུ་ ཡུན་བརྟན་ཐོག་ལས་རྐྱབ་མི་དང་ ས་ཐོག་སྐྱེལ་འདྲེན་གྱི་ དོས་ཕབ་བཀལ་ས་ཁོངས་ རྐྱབ་མི་དེ་གིས་ དགེ་ལེགས་ཕུག་ཁྲོམ་སྡེའི་ མི་སེར་དང་ དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་འབྱུང་བའི་ རེ་བ་ཡོད་ཟེར་ཨིན་པས།

ཁྲོམ་སྡེའི་ནང་འཁོད་ལུ་ ཧེ་མ་ ནང་འཁོད་འཁོར་ལམ་ ཀི་ལོ་མི་ཊར་༣༠ ལས་བརྒལ་མེད་མི་དེ་ ད་རེས་ ཀི་ལོ་མི་ཊར་༩༠ ལུ་ ཡར་སེང་འབད་ཡོདཔ་ད་ འདས་པའི་ཟླ་ངོ་༣ གྱི་རིང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་མེད་པའི་ཁར་ ཆུའི་དཀའ་ངལ་ཐོན་ཏེ་ར་སྡོད་མི་ དགེ་ལེགས་ཕུག་ དབུས་ཕྱོགས་གཙོ་བསྟེན་སྨན་ཁང་གི་དོན་ལུ་ཡང་ ཆུ་མཛོད་རྐྱབ་བཅུག་སྟེ་ ཡོད་ཟེར་ཨིན་པས།

སྐྱེས་ལོ་༤༦ ལང་མི་ ཊི་ཀ་རམ་ ཀཱཕ་ལེ་གིས་ སླབ་མིའི་ནང་ ག་དེམ་ཅིག་སྦེ་ ཉམས་མྱོང་མེད་མི་ཚུ་ ཁྲོམ་སྡེའི་འགོ་འཛིན་སྦེ་ འོང་པ་ཅིན་ དཀའ་ངལ་ཚུ་ འབྱུང་ནིའི་ཉེན་ཁ་ཡོད་ཟེར་ཨིནམ་ད་ ཁོ་རང་འབད་བ་ཅིན་ ཉམས་མྱོང་ཡོད་ནི་དེ་གིས་ ཡར་དྲག་གཏང་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།

ཐིམ་ཕུག་དང་ ཕུན་ཚོགས་གླིང་ དེ་ལས་ དགེ་ལེགས་ཕུག་གི་ ཁྲོམ་སྡེ་ཚོགས་སྡེ་ཚུ་གི་ གནས་ཡུན་དེ་ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *