དགེ་འདུན་འདུས་ཚོགས་ཀྱི་ ལོ་བསྟར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ གྲྭ་ཚང་ཁག་གི་ བླ་སློབ་ཚུ།

དགེ་འདུན་འདུས་ཚོགས་ཀྱི་ ལོ་བསྟར་ཞལ་འཛོམས་ཐེངས་༨ པ་ མཇུག་བསྡུ་ཡོདཔ།

༉ ཐིམ་ཕུག་རྣམ་རྒྱལ་ཧེ་རི་ཊེཇ་ཟ་ཁང་ནང་སྦེ་ ཉིན་གྲངས་༣ གྱི་རིང་ དགེ་འདུན་འདུས་ཚོགས་ཐེངས་༨ པ་ འཚོགས་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།
དགེ་འདུན་འདུས་ཚོགས་ནང་ དགེ་འདུན་འདུས་ཚོགས་ཀྱི་ཁྲི་འཛིན་ རྡོ་རྗེ་སློབ་དཔོན་གྱིས་གཙོས་པའི་ སློབ་དཔོན་ལྷན་རྒྱས་དང་ གྲྭ་ཚང་ལྷན་ཚོགས་ཀྱི་དྲུང་ཆེན་ སྤུངས་ཐིམ་གྲྭ་ཚང་༢ ཀྱིས་གཙོས་པའི་ རབ་སྡེ་༡༧ གྱི་བླམ་གནས་བརྟན་དང་ བཤད་གྲྭའི་མཁན་པོ་ སྒྲུབ་དཔོན་ དགོན་འཛིན་གྲྭ་ཚང་གི་འཐུས་མི་ མི་སྡེ་ཞབས་ཏོག་གི་བླམ་ བསླབ་གྲྭ་དང་ ཨ་ནེམོ་གྲྭ་ཚང་གི་དབུ་འཛིན་ ཡིག་ཚང་གི་ལས་བྱེདཔ་ དེ་ལས་ གྲྭ་ཚང་ལྷན་ཚོགས་བཅས་ ཡོངས་བསྡོམས་འཐུས་མི་༡༠༠ ལྷགཔ་ཅིག་གིས་ གྲལ་གཏོགས་གནང་ཡི།
གྲྭ་ཚང་ལྷན་ཚོགས་ཀྱི་དྲུང་ཆེན་ ཀརྨ་ཚེ་རིང་རྣམ་རྒྱལ་གྱིས་ བཤད་མིའི་ནང་ ཚོགས་དམང་གིས་ ལྷ་ཁང་དང་ དགོན་སྡེ་ཚུ་གི་ བཟོ་བཀོད་ཚུ་ རྫོང་ཁག་དང་ རྒེད་འོག་གི་ བཟོ་རིག་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་ཞིནམ་ལས་ བཟོ་དགོ་ཟེར་ཨིན་པས།
དེ་ལས་ གཞུང་གིས་གནང་མི་ སྣུམ་འཁོར་འཛིན་སྐྱོང་འབད་ཐངས་དང་ ཕྱིའི་མགྱོནམ་ཚུ་ ལམ་ལུགས་ལྟར་དུ་ འབོ་ནི་ ཕྱི་མི་ཚུ་ བཤད་གྲྭ་ཚུ་ནང་ དཔེ་ཆ་ལྷབ་ནིའི་དོན་ལུ་ ཁྲིམས་ལུགས་ལྟར་འབད་དགོཔ་སྦེ་ ཨིན་པས།
དེ་བཟུམ་སྦེ་ གཞུང་གྲྭ་ཚང་གི་ ཡོངས་ཁྱབ་དྲུང་ཆེན་པ་སངས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ཀྱི་ཞལ་འཛོམས་གྲོས་ཆོད་ཚུ་ཡང་ རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ ཕྱི་དང་ནང་སྦེ་ དབྱེ་བ་ཕྱེས་ཞིནམ་ད་ གསུང་གྲོས་གནང་ཡི་ཟེར་ཨིན་པས།
དེ་ཡང་ གྲྭ་ཚང་དང་ རབ་སྡེ་ཚུ་ནང་ འཐུང་ཆུ་དང་ གཙང་སྦྲ་འཕྲོད་བསྟེན་ གྲྭ་ཤག་ ཟ་ཁང་ཚུ་ འཛིན་སྐྱོང་དང་ བདག་འཛིན་འཐབ་དགོ་པའི་སྐོར་ལས་ མི་སྡེའི་ཞབས་ཏོག་བཟུམ་ཅིག་སྦེ་ ན་གཞོན་ཚུ་གིས་ སྨྱོ་རྫས་སྤྱོད་ནི་ལས་ ཚད་འཛིན་འབད་ཐངས་དང་ ནང་ལྟར་དུ་ སློབ་ཕྲུག་ཨ་ལོ་ཚུ་ལུ་ ཤེས་ཡོན་གང་དྲག་བྱིན་དགོ་པའི་སྐོར་ལས་ གསུང་གྲོས་གནང་ཡི་ཟེར་ཨིན་པས།
དྲུང་ཆེན་དང་འཁྲིལ་བ་ཅིན་ ད་རེས་ཀྱི་གསུང་གྲོས་ནང་ སྤྱིར་བཏང་གྲྭ་ཚང་ལྷན་ཚོགས་ནང་ མི་སྟོབས་ལངམ་ སྦེ་མེད་པའི་ དཀའ་ངལ་ཡོད་མི་དེ་ སེལ་ཐབས་ཀྱི་སྐོར་ལས་ གསུང་གྲོས་གནང་ཡི་ཟེར་ཨིན་པས།
ཉིནམ་དང་པའི་ ཞལ་འཛོམས་ནང་ གྲོས་གཞི་སྣ་ཚོགས་གུ་ གསུང་གྲོས་གནང་མི་དེ་ཡང་ འདས་པའི་ལོའི་གྲོས་ཆོད་བསྐྱར་ཞིབ་དང་ ཞབས་དྲུང་རིན་པོ་ཆེའི་ སྐུ་འདྲ་གསར་བཞེངས་ཀྱི་མ་དངུལ་ དགེ་རབ་གྲྭ་ཚང་ཁག་གི་ ཡོངས་འབྲེལ་འཆར་སྒོ་རེ་ཕྱེ་ནི་ རྒེད་འོག་རེ་ནང་ ལྷ་ཁང་རེ་དང་ བླམ་ཆོསཔ་རེ་བཙུགས་ནི་ དགེ་རབ་གྲྭ་ཚང་ ཁག་གི་ སྐུ་གཉེར་གྱི་ སྡུག་འཐུས་ལ་སོགས་པ་ཚུ་གུ་ གསུང་གྲོས་གནང་ཡི།
ཉིནམ་༢ པའི་ནང་ ཤེས་ཡོན་མཐར་ཕྱིན་པའི་ཤུལ་ལས་ མཚན་ཐོའི་ཐོ་བཀོད་དང་འཁྲིལ་ གྲྭ་ཚང་ཆོས་སྡེ་ལས་ འཛིན་སྐྱོང་འཐབ་དགོ་པའི་ ལམ་ལུགས་བཟོ་ནི་དང་ གྲྭ་ཚང་ཆོས་སྡེ་ཁག་གི་ རྟེན་གསུམ་འཛིན་སྐྱོང་གི་ལམ་ ལུགས་ དགེ་རབ་གྲྭ་ཚང་ཆོས་སྡེ་ལུ་ ཨ་ལོ་གཅེས་སྐྱོང་གི་ གོ་བརྡའི་ལས་རིམ་བཟོ་གནང་ཡི།
ཁ་ཙ་ གྲྭ་ཚང་གསོ་བའི་ཉེན་བཅོལ་དང་ ཚེ་སྲོག་ཉེན་བཅོལ་གྱི་སྐོར་ལས་ གློག་རིག་འཕྲུལ་ཆས་ཐོག་ མི་སྟོབས་འཛིན་སྐྱོང་ལམ་ལུགས་ ལོ་བསྟར་བཞིན་དུ་ རྒྱུན་སྐྱོང་གི་འཆར་དངུལ་ལངམ་སྦེ་མེད་པའི་སྐོར་ལས་ གསུང་གྲོས་གནང་ཞིནམ་ལས་ གྲོས་ཆོད་ཚུ་ བཏོན་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *