བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཚོང་འབྲེལ་ལས་སྡེ་དང་ ཚོང་ལཱ་འབད་མི་ཚུ་གི་རྒྱུད་ལུ་ དགའ་སྐྱིད་བཟོ་ཐབས་ཀྱི་དོན་ལུ་ གཞུང་གིས་ ངོ་སྦྱོར་འབད་ནི་ཨིན་ཟེར་ གསུངས་པའི་བསྒང་།

དགའ་སྐྱིད་ལྡན་པའི་ཚོང་འབྲེལ༌གྱིས༌ མི༌སྡེ༌ནང༌ མཐུན༌འབྲེལ༌གོང༌འཕེལ༌གཏང་ཚུགས༌ནི།

རྒྱལ་ཁབ་ཀྱི་ ཚོང་འབྲེལ་ལས་སྡེ་དང་ ཚོང་ལཱ་འབད་མི་ཚུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་འཁྲིལ་ ལཱ་འབད་ནིའི་དོན་ལུ་ གཞུང་གིས་ ངོ་སྦྱོར་འབད་ནི་ཨིནམ་བཞིན་དུ་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ ངོ་སྦྱོར་བསྟར་སྤྱོད་འབད་ནི་ཨིན་པས།

ཁ་ཙ་ འགོ་བཙུགས་མི་ རྒྱལ་སྤྱི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཞལ་འཛོམས་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ གསུངས་མིའི་ནང་ ཚོང་ལཱ་འབད་མི་ཚུ་གི་རྒྱུད་ལུ་ དགའ་སྐྱིད་བཟོ་ཚུགས་པ་ཅིན་ འོང་འབབ་རྐྱངམ་གཅིག་མེན་པར་ དགའ་སྐྱིད་ལུ་བརྟེན་ མི་སྡེ་ནང་ ཞི་བདེ་འབྱུང་ཚུགས་ནི་ཨིནམ་མ་ཚད་ ཚོང་འབྲེལ་ལས་སྡེ་ཚུ་གིས་ དཔལ་འབྱོར་གོང་འཕེལ་གྱི་ཐད་ཁར་ གཞུང་ལུ་རྒྱབ་སྐྱོར་ཡང་ འབད་ཚུགས་ནི་མས་ཟེར་ཨིན་པས།

དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་འབད་བ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དེ་གིས་ ཚོང་འབྲེལ་ལས་སྡེའི་ཇོ་བདག་དང་ ལས་བྱེདཔ་གཉིས་ཆ་རའི་རྒྱུད་ལུ་ དགའ་སྐྱིད་འཐོབ་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིནམ་ད་ དེ་ལུ་བརྟེན་ མཐུན་འབྲེལ་གོང་འཕེལ་བཏང་སྟེ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།

ཞལ་འཛོམས་ཀྱི་སྐབས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱིས་ ཚོང་ལཱ་ནང་ ག་དེ་སྦེ་ དགའ་སྐྱིད་བཟོ་ནི་ཨིན་ན་ བཅའ་མར་གཏོགས་མི་ རྒྱལ་སྤྱིའི་མཁས་མཆོག་དང་ ཉམས་མྱོང་ཅན་ཚུ་གི་བར་ན་ གྲོས་བསྟུན་འབད་དེ་ ཐབས་ཤེས་ཚུ་ བཏོན་ནི་ཨིནམ་ད་ ཞལ་འཛོམས་འགོ་འདྲེན་འཐབ་མི་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་འབད་བ་ཅིན་ ཐབས་ཤེས་ལེགས་ཤོམ་ཅིག་བཏོན་ཚུགས་པ་ཅིན་ འབྲུག་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་གཞན་ཚུ་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།

ལྟེ་བའི་ཞིབ་འཚོལ་འགོ་དཔོན་ མཚོ་སྐྱིད་བཟང་པོ་གིས་ སྙན་ཞུ་འབད་མི་དང་འཁྲིལ་བ་ཅིན་ ཚོང་འབྲེལ་ལས་སྡེ་ནང་ དགའ་སྐྱིད་བཟོ་དགོ་པ་ཅིན་ ཚོང་གི་ཇོ་བདག་དང་ ལས་བྱེདཔ་གཉིས་ཆ་རའི་རྒྱུད་ལུ་ བདེ་སྐྱིད་གནས་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།

ལས་བྱེདཔ་ཚུ་གི་ སེམས་ཁམས་བདེ་ཏོག་ཏོ་དང་ གཟུགས་ཁམས་སྒྲིང་སྒྲི་གནས་ནི་ ལཱ་འབད་ཚར་བའི་ཤུལ་ལས་ ངལ་འཚོའི་དུས་ཚོད་ ལེགས་ཤོམ་བྱིན་ནི་ ཤེས་རིག་ཡོན་ཏན་བྱིན་ནི་ དེ་ལས་ འཚོ་བའི་གནས་ཚད་ཡར་དྲག་གཏང་ཚུགས་པ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ལག་ལེན་འཐབ་ཚུགས་པའི་ གོ་སྐབས་འདུག་ཟེར་ཨིན་པས།

དེ་ཡང་ ལས་བྱེདཔ་ཚུ་ ཚད་ལས་བརྒལ་ཏེ་ ལཱ་འབད་མི་བཅུག་ནི་དང་ སེམས་ཁར་ཚ་གྱང་ ལང་མ་བཅུག་པར་བཞག་ནི་ གཟུགས་ཁམས་འཕྲོ་བསྟེན་དང་ལྡན་བཅུག་ནི་ ལེགས་ཤོམ་སྦེ་ཉལ་བཅུག་ནི་ དེ་ལས་ མི་སྡེའི་ལས་རིམ་ སྤྲོ་སྟོན་དང་དགའ་སྟོན་ལ་སོགས་པའི་ ལས་རིམ་ཚུ་ནང་ བཅའ་མར་གཏོགས་བཅུག་པ་ཅིན་ དགའ་སྐྱིད་འབྱུང་ནི་མས་ཟེར་ཨིན་པས།

ཚོང་འབྲེལ་ལས་སྡེའི་ ཇོ་བདག་ཚུ་གིས་ ལས་བྱེདཔ་འཛིན་སྐྱོང་འབད་ཐངས་དང་ ལས་བྱེདཔ་ཚུ་དང་གཅིག་ཁར་ མཐུན་འབྲེལ་བཞག་ཤེས་པ་ཅིན་ དགའ་སྐྱིད་འབྱུང་ནི་མས་ཟེར་ཨིནམ་ད་ དེ་བཟུམ་གྱི་ལྟ་བ་ལུ་ གནས་ཚུགས་པ་ཅིན་ འོང་འབབ་ཡང་ ལེགས་ཤོམ་བཟོ་ཚུགས་ནི་ཨིནམ་མ་ཚད་ ལས་བྱེདཔ་ཚུ་ ལེགས་ཤོམ་སྦེ་ སྐྱོང་ཚུགས་པ་ཅིན་ ཁོང་གིས་ ལཱ་ཚུ་བརྩོན་ཤུགས་བསྐྱེད་ཚུགས་ནི་ཨིན་པས།

ཞལ་འཛོམས་ནང་ རྒྱལ་ཁབ་༢༩ ལས་ འཐུས་མི་༡༧༦ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ དེའི་གྲས་ཁར་ མཁས་མཆོག་དང་ སྲིད་དོན་པ་ ཚོང་པ་ མི་སྡེ་ལས་ཚོགས་ དེ་ལས་ ལེགས་སྦྱར་བ་འབདཝ་ད་ མི་གྲངས་༦༠ དེ་ཅིག་ཡོདཔ་ད་ ལས་རིམ་སྐབས་ ཁོང་གི་ཉམས་མྱོང་དང་ ཐབས་རིག་ཚུ་ བརྗེ་སོར་ཐོག་ལས་ དགའ་སྐྱིད་ཀྱི་ལྟ་བ་ གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།

ཉིན་གྲངས་༣ འབད་མི་ ཞལ་འཛོམས་ནང་ གྲོས་བསྟུན་ལས་རིམ་༡༤ དེ་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་ད་ ཚོང་འབྲེལ་གྱི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་མི་དེ་ སྤྱི་ལོ་༢༠༡༥ ལུ་ སྤ་རོ་ལུ་སྦེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཞལ་འཛོམས་ཐེངས་༦ པ་ འགོ་འདྲེན་འཐབ་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གྲོས་འདེབས་གནང་མི་དང་བསྟུན་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *