ཧཱ་དགའ་སྐྱིད་གླིང་རྒེད་འོག།

དགའ་སྐྱིད་གླིང་རྒེད་འོག་ནང་ ལས་བྱེདཔ་ཚུ་སྡོད་སའི་ ཁྱིམ་མེད་པའི་དཀའ་ངལ།

༉ ཧཱ་དགའ་སྐྱིད་གླིང་རྒེད་འོག་ནང་ ལས་བྱེདཔ་ཚུ་ སྡོད་ས་མེད་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།

རྒེད་འོག་དེ་ རང་རྩེ་ལུ་ཆགས་ཏེ་ཡོདཔ་བཞིན་དུ་ ལས་བྱེདཔ་ཚུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ ཡིག་ཚང་ནང་ལས་ཕར་ སྡོད་དོ་ཡོདཔ་ཨིན་པས།

ད་ལྟོ་ ལས་བྱེདཔ་རེ་ལུ་ ཁང་ཚན་རེ་ སྤྲོད་དེ་ཡོདཔ་ལས་ ཉལ་ནི་དང་ ཐབ་ཚང་གཉིས་ཆ་རའི་དོན་ལུ་ ཁང་ཚན་དེ་ ལག་ལེན་འཐབ་དོ་ཡོད་རུང་ སྡོད་ཁྱིམ་དེ་ནང་ གནས་སྟངས་སྐྱོ་དྲགས་སྦེ་ ཡོདཔ་ཨིན་པས།

དེ་མ་ཚད་ རྒེད་འོག་ཡིག་ཚང་དང་ རྫོང་ཁག་བདག་སྐྱོང་གི་བར་ན་ ཀི་ལོ་མི་ཊར་༨༥ དེ་ཅིག་ཡོད་པའི་ཁར་ འཕྲལ་འཕྲལ་སྐབས་ གནམ་བྱཱར་འཁོར་ལམ་བསུབས་དོ་ཡོདཔ་ད་ གནམ་དགུན་ལུ་འབད་བ་ཅིན་ ཁཝ་གིས་བཅད་དེ་ མི་ཐལ་དོ་ཡོདཔ་ཨིན་པས།

དེ་བཟུམ་མའི་ གནས་སྟངས་ལུ་བརྟེན་ རྫོང་ཁག་དང་ ལྷན་ཁག་ལས་ གཞུང་འབྲེལ་ལྟ་སྐོར་ནང་ འོང་མི་ཚུ་ལུ་ དགའ་སྐྱིད་གླིང་ལུ་ ཞག་སྡོད་ས་མེད་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

ད་ལྟོ་འབད་བ་ཅིན་ རྒཔོ་གི་དོན་ལུ་ཡང་ སྡོད་ས་མེདཔ་ལས་ ཁོ་ཡང་ ཁང་ཚན་༢ འབད་མི་ ཤིང་ལེབ་ཀྱིས་བཟོ་མི་ སྦ་སྒོར་ཅིག་ནང་ སྡོད་དོ་ཡོདཔ་ད་ དེ་ཡང་ ཁོ་རའི་ཚ་བོ་གིས་ ཁང་གླར་ལེན་མི་ཨིནམ་ལས་ ཁོ་ར་ བཟའ་ཚང་དང་གཅིག་ཁར་ གནམ་དགུན་ལོག་འོངམ་ད་ སྤྲོད་དགོཔ་ཨིན་པས།

དགའ་སྐྱིད་གླིང་རྒཔོ་ དབང་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་གི་ ལས་བྱེདཔ་ཚུ་གི་དོན་ལུ་ སྡོད་སའི་ཁང་མིག་དེ་ ངེས་པར་དུ་དགོཔ་སྦེ་ མཐོངམ་མས་ཟེར་ཨིནམ་ད་ རྫོང་ཁག་དང་ ཞི་གཡོགཔ་ཚུ་ཡང་ རྒེད་འོག་ནང་ འོང་དོ་ཡོདཔ་ལས་ དེ་གི་དོན་ལུ་ཡང་ ཁག་ཆེ་བས་ཟེར་ཨིན་པས།

རྒེད་འོག་ནང་ ཟ་ཁང་ཡང་མེདཔ་ལས་ ལྟ་སྐོར་ནང་འོང་མི་ཚུ་ ཞག་སྡོད་ནི་ལུ་ དཀའ་ངལ་བྱུངམ་མས་ཟེར་ཨིནམ་ད་ མགྱོནམ་ཚུ་འོངམ་ད་ རྒེད་འོག་བདག་སྐྱོང་གིས་ དྲུང་ཁག་གི་ མགྱོན་ཁྱིམ་ནང་སྡོད་ནིའི་ གནང་བ་ལེན་ཏེ་ བཞག་དོ་ཟེར་ཨིན་པས།

མགྱོན་ཁྱིམ་དེ་ཡང་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༥ གི་ས་ཁར་ ཆགས་ཏེ་ཡོདཔ་ད་ དུས་ཚོད་མང་ཤོས་ར་ མི་སྡོད་དོ་ ཡོདཔ་ལས་ ཐབས་མེད་པར་ སྤྱི་འཛོམས་ཁང་ནང་ བཞག་དོ་ཟེར་ཨིན་པས།

གནས་སྟངས་དེ་བཟུམ་ནང་ བཞག་དགོཔ་བྱུངམ་ད་ གཡང་ཟ་དོ་ཡོད་རུང་ ཐབས་མིན་འདུག་ཟེར་ རྒཔོ་གིས་བཤད་པའི་ཁར་ སྤྱི་འོག་༤ གི་ མི་སེར་ཚུ་གིས་ ཞབས་ཏོག་ལེན་པར་འོང་བའི་སྐབས་ལུ་ཡང་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

རྒེད་འོག་ལྟེ་བ་ཡོད་ས་ རང་རྩེ་མ་གཏོགས་ ཐག་ཉེ་ཤོས་ཀྱི་སྤྱི་འོག་ རྡོ་རི་མཐའ་ས་ཡང་ ཀི་ལོ་མི་ཊར་༢༠ གི་ས་ཁར་ཡོདཔ་ད་ ད་ལྟོའི་རྒཔོ་དེ་ ནག་རྩེ་སྤྱི་འོག་ལས་ཨིནམ་ལས་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ རྐང་སྟོང་འགྱོ་དགོཔ་ད་ ཧེ་མའི་རྒཔོ་ཚུ་ རང་རྩེ་སྤྱི་འོང་ལས་འབད་ནི་དེ་གིས་ དཀའ་ངལ་དེ་ཅིག་ མ་བྱུང་པས།

དབང་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་སྐོར་ལས་ ལོ་རྒྱུས་ཐོནམ་ད་ གཡང་ཟ་དོ་ཡོད་རུང་ རྒེད་འོག་ནང་ དཀའ་ངལ་དེ་ དེ་འཕྲོ་ལས་ སེལ་ཐབས་འབད་དགོ་པའི་ གནས་སྟངས་ཅིག་ཨིན་ཟེར་ ཨིན་པས།

ས་ཆ་དེ་ མཐའ་ཟུར་ནང་འབད་ནི་དེ་གིས་ ཉེ་འདབས་ལས་ཕར་ ཟ་ཁང་མེད་པའི་ཁར་ ཁྱིམ་ཡང་མེད་ཟེར་ཨིནམ་ད་ མགྱོནམ་ཚུ་བཞག་ནིའི་དོན་ལུ་ རྒེད་འོག་གི་ ལས་བྱེདཔ་ཚུ་གི་ སྡོད་ཁྱིམ་དགོ་མི་དེ་ གནས་སྟངས་ཚབས་ཆེན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།

ཨིན་རུང་ དངུལ་རྩིས་ལྷན་ཁག་གིས་ དགོཔ་ཁག་ཆེཝ་མེད་པ་ཅིན་ བཟོ་སྐྲུན་གསརཔ་ཚུ་ འབད་མ་ཆོག་པའི་ གསལ་ བསྒྲགས་འབད་ཡོདཔ་ལས་ གནང་བ་གི་དོན་ལུ་ ཧཱ་རྫོང་ཁག་བདག་སྐྱོང་ལུ་ ཡི་གུ་བཙུགས་ཏེ་ཡོད་ཟེར་ རྒཔོ་གིས་སླབ་ཨིན་ པས།

ཁོ་གིས་འབད་བ་ཅིན་ མཐུན་རྐྱེན་ག་ར་ཚང་བའི་ ཁྱིམ་རྐྱབ་དགོཔ་མེདཔ་ལས་ ཟད་འགྲོ་དངུལ་ཀྲམ་༤༠༠,༠༠༠ དེ་ཅིག་གནས་ པའི་ ཁྱིམ་རྐྱབ་པ་ཅིན་ མ་བཏུབ་མེད་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *