དགག་ལན་རྐྱབ་ནི་མེན་པར་ ཡུན་བརྟན་གྱི་ ཐབས་ལམ་བཏོན་དགོཔ།

༉ གཞུང་གིས་ སྨན་བཅོས་མཁས་མཆོག་ཚུ་ བདག་སྲུང་འབད་ནི་དང་ གསོ་བའི་ཞབས་ཏོག་ སྤུས་ཚད་དང་ལྡནམ་སྦེ་ མཁོ་སྤྲོད་འབད་ཐབས་ལུ་ རྒྱལ་ས་ལྟེ་བ་ལུ་ཡོད་མི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་ལུ་བསྒྱུར་བཅོས་འབད་ནི་གི་ ལོ་རྒྱུས་ཐོན་ཞིནམ་ལས་ཚུར་ རྩོད་རྙོགས་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཏེ་འདུག།
གཞུང་གི་གྲོས་འཆར་དེ་ལུ་ ལྡོག་ཕྱོགས་ཚོགས་པ་གིས་གཙོས་པའི་ སྤྱིར་བཏང་མི་མང་གིས་ རྒྱབ་འགལ་འབད་མི་དེ་ཡང་ གལ་སྲིད་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་བ་ཅིན་ མི་སེར་ཉམ་ཆུང་ཚུ་གིས་ གསོ་བའི་ཞབས་ཏོག་ འདྲ་མཉམ་སྦེ་ མི་འཐོབ་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་མས།
ལ་ལོ་ཅིག་གིས་འབད་བ་ཅིན་ གཞུང་གི་ཐབས་ལམ་དེ་ གསོ་བའི་འཕྲོད་བསྟེན་དང་ མཐུན་རྐྱེན་ དེ་ལས་ ཞབས་ཏོག་ཚུ་ སྒེར་སྡེ་ལུ་ སྤྲོད་ནི་གི་ དམིགས་ཡུལ་འོང་ནི་མས་ཟེར་ཨིནམ་ད་ ལྡོག་ཕྱོགས་ཚོགས་པ་གིས་འབད་རུང་ སྨན་ཁང་དེ་ སྒེར་དབང་ལས་སྡེ་ལུ་ བཟོ་ནི་གི་ ཐབས་བྱུས་ཨིནམ་སྦེ་ ཁ་ཉེས་བཀལཝ་མས།
གཞུང་གིས་འབད་བ་ཅིན་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་གི་ གྲོས་འཆར་བཀོད་མི་དེ་ཡང་ ད་རེས་ནངས་པར་ སྨན་ཁང་ནང་ གསོ་བའི་མཁས་མཆོག་དང་ དྲུང་འཚོ་ལངམ་མེད་པའི་ དཀའ་ངལ་དེ་ ལས་འཛིན་གྱིས་ སེལ་ནི་དང་ གསོ་བའི་ཞབས་ཏོག་གི་ སྤུས་ཚད་ཚུ་ ལེགས་བཅོས་འབད་ཐབས་ལུ་ཨིན་མས།
ད་རུང་ ལས་འཛིན་ལུ་བཟོ་བའི་ ཁེ་ཕན་གཞན་དེ་ འོང་འབབ་བཟོ་ཐོག་ལས་ གསོ་བའི་མཁས་མཆོག་ཚུ་ལུ་ དངུལ་ཕོགས་དང་ མཐུན་རྐྱེན་ཚུ་ ལེགས་ཤོམ་སྤྲོད་དེ་ ལཱ་གཡོག་ནང་ལས་ དགོངས་ཞུ་མ་འགྱོ་བར་ བདག་སྲུང་འབད་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་མས།
དེ་འབདཝ་ད་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ མི་མང་གསོ་བའི་ གཞི་རྟེན་ཞབས་ཏོག་དེ་ རིན་མེད་སྟོར་པར་སྦེ་ར་ མཁོ་སྤྲོད་འབད་འོང་ཟེར་ གཞུང་གིས་ གསལ་བཀོད་འབད་ཡོད་རུང་ ལས་འཛིན་སྦེ་ བྱ་སྒོ་འཐབ་པའི་སྐབས་ འོང་འབབ་བཟོ་ནི་གི་ འོས་འབབ་ཅིག་ མི་མཐོང་མས།
ད་རེས་ནངས་པར་ རྒྱལ་ས་ལྟེ་བ་ལུ་སྡོད་མི་ ལ་ལོ་ཅིག་གིས་ བསམ་འཆར་བཤད་མིའི་ནང་ ལས་འཛིན་ལུ་ བསྒྱུར་བཅོས་འབད་བའི་བསྒང་ལས་ རང་གི་རྐངམ་གུ་ རང་གིས་ ལོང་སྡོད་ཚུགསཔ་ བཟོ་ཐབས་ལུ་ སྨན་བཅོས་འབད་བར་ འོང་མི་ཚུ་ལས་ ཞབས་ཏོག་གི་ འཐུས་བསྡུ་ལེན་མ་འབད་བ་ཅིན་ ག་དེ་སྦེ་ ཡུན་བརྟན་གནས་ཚུགས་ནི་སྨོ་ཟེར་ཨིན་མས།
མ་གཞི་ རྩ་ཕན་ཚུ་གི་བར་ན་ དགག་ལན་རྐྱབ་མི་དེ་ ང་བཅས་ཀྱི་ ལམ་ལུགས་ནང་ དགག་བཤེར་དང་ ཚད་མཉམ་བཞག་ནི་གི་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་རུང་ རྩོད་འགྲན་དང་ རྩོད་བསྡུར་མང་དྲགས་པའི་བསྒང་ལས་ བཅུད་དོན་བཏོན་མི་ཚུགས་ནི་དང་ མཐའན་མཇུག་ལུ་ ད་ཚུན་གྱི་བར་ན་འབད་མི་ རྩོད་འགྲན་ཚུ་ ཁུངས་མེད་འགྱོ་ནི་ཨིནམ་མ་ཚད་ མི་མང་ལུ་ གསོ་བའི་ཞབས་ཏོག་ དོན་སྨིན་ཅན་སྦེ་ མཁོ་སྤྲོད་འབད་མི་ཚུགས།
དེ་འབདཝ་ལས་ འདས་པའི་ཟླཝ་ནང་ གཞུང་གིས་ གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་ཀྱི་ གྲོས་འཆར་བཀོད་པའི་སྐབས་ ཀུན་གསལ་གྱིས་ རྩོམ་སྒྲིག་པའི་ སྣང་འཆར་ནང་ རང་འཇགས་སྦེ་ བཞག་དགོ་པའི་སྐོར་ གསལ་བཀོད་འབད་མི་དེ་ཡང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ འབྲུག་ལུ་ གསོ་བའི་ཞབས་ཏོག་སྒྲུབ་མི་ ལྟེ་བ་གཙོ་ཅན་ཅིག་ཨིནམ་མ་ཚད་ གསོ་བའི་ལྷན་ཁག་གི་ འགན་དབང་བསྒྲུབ་ནིའི་ནང་ ཐད་ཀར་དུ་ འབྲེལ་བ་ཡོད་པའི་ ལས་སྡེ་ཅིག་ཨིནམ་ལས་ གལ་སྲིད་ ལས་འཛིན་ལུ་ བསྒྱུར་བཅོས་འབད་བ་ཅིན་ ཚོང་འབྲེལ་ལུ་ ཤུགས་བཏོན་དགོཔ་ལས་ དེ་གིས་ ལྷན་ཁག་ལུ་ སྟབས་མ་བདེཝ་འཐོན་འོང་།
དེ་གིས་མ་དོ་བར་ རྒྱལ་ཁབ་ནང་འཁོད་ཀྱི་ སྨན་ཁང་ཚུ་ནང་ ལཱ་འབད་མི་ཚུ་གི་བར་ན་ དངུལ་ཕོགས་དང་ མཐུན་རྐྱེན་ཚུ་གི་ ཁྱད་པར་འཐོན་ནི་ཨིནམ་ལས་ མཐར་ཐུག་ལུ་ མི་མང་གི་ གསོ་བའི་འཕྲོད་བསྟེན་ལུ་ ཐོ་སྦོམ་སྦེ་ ཕོག་ནི་གི་ ཉེན་ཁ་ཡོད།
འདི་འབདཝ་ལས་ རྩ་ཕན་ཚུ་གི་བར་ན་ རྩོད་བསྡུར་དང་ དགག་ལན་རྐྱབ་ནི་ཚུ་ བཤོལ་བཞག་སྟེ་ ཕན་རླབས་ཆེ་བའི་གྲོས་བསྡུར་ཐོག་ མི་མང་གི་ གསོ་བའི་ཞབས་ཏོག་ ལྷག་པར་དུ་ ཡར་དྲག་གཏང་ནི་དང་ གསོ་བའི་མཁས་མཆོག་ཚུ་ བདག་སྲུང་འབད་ཐབས་ལུ་ ཡུན་ཐུབ་ཀྱི་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *