དགག་བཤེར་དང་ ཚད་མཉམ་གྱི་དོན་ལུ་ བསྐྱར་ཞིབ་ཁག་ཆེ་ནི།

༉ རྒྱལ་ཁབ་ནང་ མངོན་པར་མཐོ་བའི་ ཁྲིམས་གཞི་འཛིན་དང་ རྩ་ཁྲིམས་ཆེན་མོའི་ དོན་འགྲེལ་མཐའ་བཅད་ཀྱི་ དབང་འཛིན་ཨིན་མི་ དྲང་ཁྲིམས་ལྷན་སྡེ་དེ་ རང་དབང་ཐ་དད་ཨིནམ་ལས་ གཙུག་སྡེ་གཞན་གྱིས་ ཧམ་འཛུལ་འབད་ཆོག་ནི་ཨིན་ན?
དེ་ཡང་ འཕྲལ་ཁམས་ཅིག་ཁར་ བརྡ་བརྒྱུད་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ དྲང་ཁྲིམས་ལྷན་སྡེའི་ ལམ་ལུགས་དང་ ལག་ལེན་ཚུ་ལུ་ བསྐྱར་ཞིབ་འབད་ནི་ཨིན་པའི་ གནས་ཚུལ་ཐོན་པའི་ཤུལ་ལས་ མི་མང་གིས་མ་ཚད་པར་ ཁྲིམས་སྡེའི་ནང་ ལཱ་འབད་མི་ ལ་ལོ་ཅིག་གིས་ འདི་བཟུམ་མའི་ དྲི་བ་བཀོདཔ་ཨིན་མས།
ལ་ལོ་ཅིག་ལུ་ རྣམ་རྟོག་ལང་དགོཔ་ བྱུང་མི་དེ་ཡང་ འབྲུག་གི་དྲང་ཁྲིམས་ལྷན་སྡེ་དེ་ རྩ་ཁྲིམས་ཅན་དང་ རང་དབང་གི་ཐོག་ལས་ བདག་སྐྱོང་འཐབ་མི་ གཙུག་སྡེ་ཅིག་ཨིནམ་ལས་ དངུལ་དང་འབྲེལ་བའི་ རྩིས་ཁྲ་ཚུ་རྐྱངམ་གཅིག་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་སྲོལ་ཡོད་མི་ལུ་བརྟེན་ཨིན་མས།
དེ་མ་ཚད་ འབྲུག་གི་དྲང་ཁྲིམས་ལྷན་སྡེ་དེ་ སྤྱི་ལོ་༡༩༦༨ རེ་གྲངས་ཀྱི་ ཕྱིས་ཁམས་ལུ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ ཁྲིམས་སྡེའི་ལམ་ལུགས་དང་ ལས་འབྲེལ་རྩིས་ཞིབ་ལ་སོགས་པ་ འབད་ནི་མེད་མི་ལུ་བརྟེན་ འོང་ནི་མས།
དབང་འཛིན་གྱིས་ ཤུལ་མའི་བདུན་ཕྲག་ནང་ལས་ ཁྲིམས་སྡེའི་ལམ་ལུགས་ཚུ་ལུ་ བསྐྱར་ཞིབ་འགོ་བཙུགས་ནི་ཨིན་མི་དེ་ རྒྱལ་རབས་ནང་ ཐེངས་དང་པ་ཨིནམ་ལས་ སྤྱིར་བཏང་གིས་ ལེགས་བསྟོད་དང་བཅསཔ་སྦེ་ ངོས་ལེན་འབད་མི་དེ་ཡང་ ཐབས་ལམ་དེ་གིས་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཚུ་ནང་ དགག་བཤེར་དང་ ཚད་མཉམ་ཡོདཔ་བཟོ་སྟེ་ ལམ་ལུགས་ལེགས་བཅོས་འབད་ནི་དང་ འཐུས་ཤོར་བྱུང་མི་ལུ་ འགན་འཁྲི་བཀལ་ནི་གི་ བྱ་རིམ་ཅིག་ འབད་ནི་དེ་གིས་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ རྩ་ཁྲིམས་ཆེན་མོ་གིས་ དྲང་ཁྲིམས་ལྷན་སྡེ་དང་ དྲང་དཔོན་ཚུ་ལུ་ རང་དབང་གནང་ཡོདཔ་ལས་ གལ་སྲིད་ འགན་འཁྲི་བཀལ་ནི་གི་ ལམ་ལུགས་ཅིག་མེད་པ་ཅིན་ གཙུག་སྡེ་ལུ་ ག་གིས་ཡང་ ལགཔ་རྐྱབ་མི་ཚུགས་ཟེར་བའི་ མནོ་ལུགས་ཐོག་ དབང་ཚད་ལོག་སྤྱོད་དང་ ཕྱོགས་ལྷུང་ མཐུན་འགྱུར་ལ་སོགས་པའི་དབང་ལུ་ ཞུགས་ནི་གི་ ཉེན་ཁ་སྦོམ་ཡོད།
དེ་གི་ནང་དོན་ཉིད་ལས་ དྲང་ཁྲིམས་ལྷན་སྡེ་ཟེརཝ་ད་ ཁྲིམས་ཀྱི་དོན་འགྲེལ་འབད་མི་དེ་ དྲང་དཔོན་ཚུ་ཨིནམ་ལས་ དོན་འགྲེལ་ཕྱི་འགྱུར་འབད་བ་ཅིན་ ཁོང་ལུ་ཡང་ ཁྲིམས་དང་འཁྲིལ་ འགན་འཁྲི་འབག་དགོཔ་དེ་གལ་ཆེ།
དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་དེ་ ད་ལྟོ་ གཞི་འགྱམ་སྒྲིང་སྒྲི་མ་ཚུད་པའི་ ནམ་དུས་ལུ་ དྲང་ཁྲིམས་ལྷན་སྡེ་དེ་ འགན་འཁྲི་ཅན་དང་ ཁོང་གི་ཕྱག་ལཱ་ཚུ་ དྭངས་གསལ་ཅན་ བཟོ་ཐབས་ལུ་ འགན་འཁྲི་ཡོདཔ་ བཟོ་དགོཔ་བཞིན་དུ་ རྩིས་ཞིབ་བྱ་རིམ་དེ་གིས་ མི་སེར་གྱི་ཁ་ཐུག་ལས་ ཁྲིམས་སྡེ་ལུ་ བློ་གཏད་དང་ ཡིད་ཆེས་ཡོདཔ་ བཟོ་ནིའི་ནང་ ལྷན་ཐབས་འབད་འོང་།
སྤྱི་ལོ་༢༠༡༥ གི་ཁྲིམས་སྡེའི་དྲང་སྤྱོད་སྙན་ཞུ་དང་འཁྲིལཝ་ད་ ཉོགས་བཤད་མང་ཤོས་ར་ དྲང་ཁྲིམས་ནང་ དབང་ཚད་ལོག་སྤྱོད་དང་ ནང་གསུག་ལ་སོགས་པའི་ ཁ་ཉེས་ཚུ་ བཀོད་ཡོདཔ་ད་ ད་རེས་ ལས་འབྲེལ་གྱི་ རྩིས་ཞིབ་འབད་མི་དེ་ ཁྲིམས་སྡེའི་ལོ་རྒྱུས་ནང་ འགོ་དང་པ་འོང་ནི་ཨིན་རུང་ དེ་ལུ་ རྩིས་ཞིབ་ལུ་བརྟེན་ འདི་བཟུམ་མའི་ ཁ་ཉེས་ཡོད་མི་ཚུ་ལུ་ དོགས་སེལ་འབད་ནི་དང་ ལམ་ལུགས་ལེགས་བསྒྱུར་འབད་ནི་གི་ གོ་སྐབས་ཅིག་ཨིན་པའི་ ངོས་ལེན་འབད་དགོ།
མ་གཞི་ རྩིས་ཞིབ་དབང་འཛིན་གྱིས་འབད་བ་ཅིན་ རྩིས་ཞིབ་པ་ཚུ་གིས་ ཁྲིམས་སྡེའི་ལམ་ལུགས་དང་ ལག་ལེན་ཚུ་ལུ་མ་གཏོགས་ ཁྲིམས་འདུན་ཚུ་ལས་གནང་མི་ འཁྲུན་ཆོད་ཚུ་ལུ་ བསྐྱར་ཞིབ་མི་འབད་ཟེར་ཨིན་རུང་ དྲང་དཔོན་ཚུ་ཡང་ འགྲོ་བ་མི་འབད་ཞིནམ་ལས་ འཛོལ་བ་དང་ ནོར་བ་ཚུ་ བཟོ་སྲིད་ནི་ཨིནམ་ལས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ འོས་འབབ་དང་འཁྲིལ་ འཁྲུན་ཆོད་ཚུ་ཡང་ བསྐྱར་ཞིབ་འབད་བ་ཅིན་ མ་འོངས་པ་ལུ་ དྲང་དཔོན་ཚུ་གི་ ཁ་ཐུག་ལས་འབད་རུང་ འཁྲུན་ཆོད་ཚུ་ ནོར་བ་མེདཔ་སྦེ་ གནང་ནིའི་དོན་ལུ་ དྲན་པ་ཐེབས་བཙུགས་ཚུགས་ནི་ཨིན་མས།
འདི་བཟུམ་སྦེ་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ དཔེར་ན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལ་སོགས་པ་ཚུ་ནང་ཡང་ ལས་འབྲེལ་གྱི་ རྩིས་ཞིབ་འབད་དེ་ དགག་བཤེར་དང་ ཚད་མཉམ་ཡོདཔ་ བཟོ་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *