དཀའ་ངལ་བསལ་དགོ་པ་ཅིན་ ཐབས་བྱུས་ལེགས་ལྡན་བཏོན་དགོཔ།

༉ འཕྲལ་ཁམས་ཅིག་ཁར་ རྩི་རང་ལུ་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ ཞབས་ཏོག་ཚུ་གི་དོན་ལུ་ འཐུས་སྤྲོད་དགོཔ་སྦེ་ འགོ་བཙུགས་མི་ལུ་ལྟཝ་ད་ རིན་ཐང་ཅན་གྱི་ རང་བཞིན་གྱི་ཐོན་ཁུངས་ཚུ་ ཡུན་བརྟན་བཟོ་ཐབས་ཀྱི་དོན་ལུ་ ཐབས་བྱུས་ལེགས་ལྡན་ཅིག་ཨིན་མས།
ཐབས་བྱུས་དེ་ཡང་ ཞབས་ཏོག་སྤྱོད་མི་དང་ ཆུ་འབབ་ས་ཁོངས་ཀྱི་ ཉེ་འདབས་ལས་ཕར་ སྡོད་མི་ཚུ་གི་བར་ན་ མཉམ་འབྲེལ་ཐོག་ལས་ཨིནམ་ད་ དེ་ཡང་ མི་སྡེ་གིས་ ཆུ་རྐ་ཚུ་ ལེགས་ཤོམ་སྦེ་བདག་འཛིན་འཐབ་མི་དེ་ལུ་ ཞབས་ཏོག་སྤྱོད་མི་ཚུ་གིས་ འཐུས་དུམ་གྲ་རེ་ སྤྲོད་མི་དེ་གིས་ ཕན་ཚུན་༢ ཆ་ར་ལུ་ ཕན་ཁྱད་ཆེ་བའི་ གནད་དོན་ཅིག་ཨིན་མས།
འདི་བཟུམ་མའི་ ཐབས་བྱུས་བཏོན་མི་དེ་ རྒྱལ་ཁབ་མཐའ་དབུས་མེད་པར་ ག་དེས་མགྱོགས་མགྱོགས་ གཞི་བཙུགས་འབད་ཚུགས་པ་ཅིན་ ཀུན་ཁྱབ་ཕན་ཐོགས་འབྱུང་ནི་ཨིན་མས།
ད་རེས་ནངས་པར་ འཐུང་ཆུ་དང་ ཞིང་ཆུ་མ་ལང་པའི་དཀའ་ངལ་དེ་ རྒྱལ་ཁབ་ནང་ ཚབས་ཆེན་གནད་དོན་ཅིག་སྦེ་ བྱུང་ཡོད་མི་དེ་ ག་ར་གིས་ མ་ཤེསཔ་ཅིག་མེདཔ་ད་ འཐུང་ཆུ་མ་ལང་པའི་ རྒྱུ་མཚན་ངོ་མ་དེ་ ཆུའི་རྐ་འགོ་ལས་ར་ ཆུ་སྐམ་ནི་དེ་གིས་ཨིན་མས།
གཅིག་ལས་བལྟ་བ་ཅིན་ ཆུ་འབབ་ས་ཁོངས་ཚུ་ནང་ ང་བཅས་ར་ འགྲོ་བ་མིའི་ལས་སྣ་ དཔེ་འབད་བ་ཅིན་ ནགས་ཚལ་ནང་ལས་ ཤིང་དུམ་བཏོན་ནི་དང་ ཚད་ལས་བརྒལ་བའི་ རྩྭ་འབྲོག་ལག་ལེན་འཐབ་མི་ལུ་བརྟེན་ རང་བཞིན་གྱིས་ ཆུ་སྐམ་འགྱོཝ་ཨིན་མས།
ད་རེས་ ས་གནས་ལ་ལོ་ཅིག་ནང་ མི་ཚུ་གིས་ གནོདཔ་མ་བཀལ་བར་ བདག་སྲུང་འབད་མི་དེ་ཡང་ ཡུལ་ལྷ་གཞི་བདག་ཚུ་དཀྲོགས་པ་ཅིན་ ཐུགས་ཁྲོས་ཏེ་ མི་མཐུན་པའི་རྐྱེན་བར་ཆད་ཚུ་འབྱུང་བའི་ ཡིད་ཆེས་ཡོད་ནི་དེ་གིས་ཨིནམ་ད་ ཨིན་རུང་ མི་ཚུ་གིས་ བྱ་ཐབས་མེད་པའི་གནས་སྟངས་ཐོནམ་ད་ རང་བཞིན་གྱི་ཐོན་ཁུངས་ཚུ་ཡང་ སྤྱོད་དགོཔ་ཐོན་དོ་ཡོདཔ་ལས་ ཆུ་སྐམ་འགྱོ་མི་དེ་ཡང་ རྒྱུ་མཚན་འདི་ལུ་བརྟེན་ཏེ་ འོང་ནི་ཨིན་མས།
ཧེ་མ་འབད་བ་ཅིན་ རང་བཞིན་གྱི་ཐོན་ཁུངས་ཚུ་ སྲུང་སྐྱོབ་འབད་ནིའི་དོན་ལུ་ ས་གནས་ཀྱི་མི་སྡེ་ཚུ་ལུ་ བདག་དབང་བྱིན་ཏེ་ཡོད་རུང་ ཚུལ་མཐུན་ལག་ལེན་འཐབ་མ་ཚུགས་པར་ འཐུས་ཤོར་བྱུང་ཡོདཔ་ད་ དེ་ཡང་ མི་སྡེ་ཚུ་ལུ་ ཁེ་ཕན་ག་ནི་ཡང་ མ་འཐོབ་ནི་དེ་གིཨ་ཨིན་མས།
དཔེ་འབད་བ་ཅིན་ མི་སྡེའི་ནགས་ཚལ་ མཐར་འཁྱོལ་བྱུང་དགོ་མི་དེ་ཡང་ ཐབས་བྱུས་དེ་ལུ་བརྟེན་ མི་སྡེ་ཚུ་གིས་ ཁེ་ཕན་ཐོབ་ཚུགས་ནི་དེ་གིས་ཨིན་མས།
འདི་བཟུམ་མའི་ ཐབས་བྱུས་དེ་ ཆུ་རྐྱངམ་གཅིག་གི་དོན་ལུ་མེན་པར་ ཁྲོམ་སྡེའི་ས་ཁོངས་ཚུ་ནང་ དཀའ་ངལ་སྦོམ་ཤོས་གཅིག་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་དེ་ཨིནམ་ད་ ཐབས་ཤེས་ག་དེམ་ཅིག་བཏོན་རུང་ དོ་འགྲན་འབད་མ་ཚུགས་མི་དེ་ཡང་ དུས་ཚོད་དང་བསྟུན་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་ཊཱག་ཚུ་འོང་པ་ཅིན་ ཕྱགས་སྙིགས་ཚུ་ ག་ཧོད་བཀོག་ནི་ལས་ བཀག་ཆ་འབད་ཚུགས་ནི་ཨིན་མས།
གལ་སྲིད་ འཐུས་དུམ་གྲ་རེ་ བསྡུ་ལེན་འབད་བ་ཅིན་ དེ་གིས་ ཞབས་ཏོག་ལེགས་བཅོས་འབད་ཚུགས་པའི་ཁར་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་ཚུ་ཡང་ རྒྱུན་སྐྱོང་འཐབ་ནི་དང་ ཉོ་སྒྲུབ་འབད་ཚུགས་ནི་ཨིན་མས།
དཔེ་འབད་བ་ཅིན་ མི་ཚུ་གིས་ འཐུས་དངུལ་ཀྲམ་༥ སྤྲོད་དེ་ གཙང་སྦྲ་དང་ལྡན་པའི་ མི་མང་གི་གསང་སྤྱོད་ཚུ་ ལག་ལེན་འཐབ་ནི་ལུ་ ཉོགས་བཤད་བཀོད་མི་ མེད་དོ་བཟུམ་ཅིག་ཨིན།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *