ད་ལྟོའི་ འགྲོ་འགྲུལ་བཀག་དམ་ནང་ སློབ་ཕྲུག་༧༡ ལུ་ ཀོ་རོ་ན་བའེ་རཱསི་ནད་འབུབ་ ཐོབ་ཡོདཔ།

༉ ད་ལྟོའི་ འགྲོ་འགྲུལ་བཀག་དམ་འགོ་བཙུགས་ཏེ་ ཁ་ཙ་ཚུན་ མི་གྲངས་༢༦༠ ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་ཡོདཔ་ བདའ་ཟུན་ཡོདཔ་ད་ ཁོང་ཆ་ཁྱབ་ ཀོ་བིཌ་-༡༩ སྨན་ཁང་དང་ ཟུར་བཞག་སྨན་ཁང་ཚུ་ནང་ བདག་འཛིན་འཐབ་སྟེ་ སྨན་བཅོས་འབད་བཞིན་དུ་ཡོདཔ་ཨིན་པས།

ཁ་ཙ་ མི་ངོམ་༦ བདའ་ཟུན་མིའི་གྲས་ལས་༣ ཧེ་མ་ལས་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་འཐབ་མི་དང་༢ ཉི་མ་འབྲིང་རིམ་སློབ་གྲྭ་གོང་མ་དང་ ལྕང་གླིང་མི་ཐང་གི་ ཚ་རིམས་སྨན་བཅོས་ཁང་ལས་ བདའ་ཟུན་ཡོདཔ་བཞིན་དུ་༡ ཕྱི་རྒྱལ་ལས་འོང་སྟེ་ ཟུར་བཞག་ནང་ སྡོད་མི་ཨིན་པས།

ཁོང་གི་གྲས་ལས་ ཆུང་ཤོས་དེ་ ལོ་ཕྱེད་དང་༣ དང་ རྒན་ཤོས་དེ་ སྐྱེས་ལོ་༨༣ ལང་མི་ཨིནམ་ད་ ཁོང་༢ ཆ་ར་ ད་ལྟོ་ གནས་སྟངས་ལེགས་ཤོམ་སྦེ་ ཡོདཔ་ཨིན་པས།

གཞན་ཚུ་ མང་ཤོས་ར་ སྐྱེས་ལོ་༢༥ ལས་༣༠ གི་བར་ན་འབད་མི་ཚུ་ཨིན་མས་ཟེར་ ཁ་ཙ་ གནས་ཚུལ་ཞལ་འཛོམས་སྐབས་ལུ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ གསལ་བསྒྲགས་འབད་ཡི།

བློན་པོ་གིས་ སླབ་མིའི་ནང་ སློབ་ཕྲུག་འབད་བ་ཅིན་ མི་༧༡ ལུ་ ནད་འབུབ་ཐོབ་སྟེ་ཡོད་མིའི་གྲས་ལས་ སྐྱེས་ལོ་༡༢ མན་ཆད་འབད་མི་༣༢ དང་ སྐྱེས་ལོ་༡ འོག་རྒྱུ་འབདམི་༤ ཡོད་ཟེར་ཨིན་པས།

ཕོ་མོའི་དབྱེ་བ་ བརྒྱ་ཆ་ལས་དཔྱད་པ་ཅིན་ ཕོ་སྐྱེས་བརྒྱ་ཆ་༥༤ དང་ ཨམ་སྲུ་༤༦ ཡོདཔ་ཨིན་པས།

བློན་པོ་གིས་ བཤད་མི་དང་འཁྲིལཝ་ད་ ནདཔ་ཚུ་གི་གྲས་ལས་ ཐིམ་ཕུག་ཀོ་བིཌ་-༡༩ སྨན་ཁང་ནང་༧༨ དང་ ཟུར་བཞག་སྨན་ཁང་ནང་༡༥༦ ཕུན་ཚོགས་གླིང་སྨན་ཁང་ནང་༦ མོང་སྒར་སྨན་ཁང་ནང་༤ དེ་ལས་ སྤ་རོ་ཟུར་བཞག་སྨན་ཁང་ནང་༢༢ ཡོདཔ་ཨིན་པས།

ནད་འབུབ་ཐོབ་རུང་ ལོ་ན་གཞོནམ་དང་ གཟུགས་སྟོབས་སྒྲིང་སྒྲི་འབད་མི་ཚུ་ ཟ་ཁང་ཚུ་ཨིན་མི་ ཟུར་བཞག་སྨན་ཁང་ཚུ་ནང་ སྨན་བཅོས་འབད་དེ་ བཞག་དོ་ཡོདཔ་ད་ རྒན་ཤོས་དང་ ཨ་ལོ་ཚུ་འབད་བ་ཅིན་ སྨན་ཁང་ནང་བཞག་སྟེ་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།

ད་ལྟོ་ཚུན་ ནད་འབུབ་ཐོབ་མི་ ནདཔ་ཚུ་གི་གྲས་ལས་ སྲོག་རླུང་ལག་ལེན་འཐབ་དགོ་མི་ ཕུད་རྡོག་གཅིག་ཡང་ མ་ཐོནམ་ཨིན་པས།

དེ་བཟུམ་སྦེ་ ཕྱིའི་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ ནད་འབུབ་ཐོབ་མི་ འབྲུག་མི་༥༤ དེ་ཅིག་ཡོད་མི་ལས་༤༠ དྲག་ཡོདཔ་ཨིན་པས།

ཨེ་མི་རི་ཀ་ལུ་༣༢ དང་ ཡོ་རོབ་ལུ་༣ མི་ཌལ་ཨིསིཊ་ལུ་༡༡ དེ་ལས་ ལྷོ་ཨེ་ཤི་ཡ་ལུ་༥ ནད་འབུབ་ཐོབ་ཡོད་མི་ལས་ ད་ལྟོ་ ནིའུ་ཡོག་ལུ་༡༣ དང་ བ་རེན་ལུ་༡ མ་དྲག་པར་ཡོད་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།

ད་རེས་ཀྱི་ འགྲོ་འགྲུལ་བཀག་དམ་ འགོ་བཙུགས་པའི་ཤུལ་ལུ་ ད་ལྟོ་ཚུན་ མི་གྲངས་༧༥༥ ཟུར་བཞག་འབད་ཡོདཔ་ད་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་༢,༥༨༩ རང་སོའི་ཁྱིམ་ནང་ ཟུར་བཞག་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ད་ལྟོ་ཚུན་ ཨར་ཊི་པི་སི་ཨར་བརྟག་དཔྱད་༤༠,༠༠༠ དེ་ཅིག་དང་ ཨེན་ཊི་ཇེན་བརྟག་དཔྱད་༣༨,༠༠༠ འབད་ཡོདཔ་ད་ རྒྱལ་ཁབ་ནང་འཁོད་ལུ་ ཉིན་བསྟར་བཞིན་དུ་ མི་གྲངས་༥,༠༠༠ རེ་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

ནད་འབུབ་ཐོབ་མིའི་གྲས་ལས་༢༡༤ ཧེ་མ་ལས་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་ཚུ་ཨིནམ་ད་༢༦ མི་སྡེའི་བརྟག་དཔྱད་ལས་རིམ་དང་༢༠ ཚ་རིམས་སྨན་བཅོས་ཁང་ལས་ བདའ་ཟུན་ཡོདཔ་ཨིན་པས།

སྤ་རོ་ལུ་ཡང་ མི་གྲངས་༡༢,༠༠༠ ལུ་ ནད་འབུབ་བརྟག་དཔྱད་འབད་ཡོདཔ་ཨིན་རུང་ མི་སྡེའི་ནང་ལས་ ཕུད་རྡོག་གཅིག་མ་གཏོགས་ མ་ཐོནམ་ཨིན་པས།

ད་ལྟོའི་གནས་སྟངས་ནང་ རང་སོའི་ས་ཁོངས་ཚུ་ནང་ ཚ་རིམས་སྨན་ཁང་མེད་མི་ཚུ་ བརྟག་དཔྱད་འབད་བར་ ས་ཁོངས་གཞན་ཁར་ འགྱོ་དགོ་པའི་སྐབས་ གནང་བ་འཐོབ་ནི་ལུ་ དུས་ཡུན་དུམ་གྲ་ཅིག་ འགོར་དོ་ཡོདཔ་ལས་ ད་རིས་ལས་འགོ་བཙུགས་ ཚ་རིམས་སྨན་བཅོས་ཞབས་ཏོག་ འགྲུལ་འཁོར་ནང་སྦེ་ སྤྲོད་ནི་ཨིནམ་ལས་ རང་སོའི་ས་ཁོངས་ནང་ ཞབས་ཏོག་འཐོབ་ཚུགས་ཟེར་ཨིན་པས།

མི་སེར་ཚུ་གིས་ འགྲོ་འགྲུལ་བཀག་དམ་དེ་ ནམ་ཕྱེ་འོང་ག་ཟེར་བའི་ དྲི་བ་ཚུ་ཡང་ བཀོད་དོ་ཡོདཔ་ཨིན་རུང་ དེ་གི་དོན་ལུ་ བློན་ཆེན་ཡིག་ཚང་གིས་ འབྲེལ་ཡོད་ལས་སྡེ་དང་ དབང་འཛིན་ཚུ་དང་ འབྲེལ་བ་འཐབ་ཐོག་ལས་ འཕྲལ་མགྱོགས་ར་ གསལ་བསྒྲགས་འབད་འོང་ཟེར་ཨིན་པས།

ད་ལྟོ་ཚུན་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ཐོབ་མི་༧༡༦ ཡོད་ས་ལས་༤༡༠ དྲག་ཡོད་མི་དེ་ བརྒྱ་ཆ་༥༧ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *