ད་ལྟོའི་ ནད་ཡམས་ཀོ་བིཌ་-༡༩ དེ་ ཁྱབ་སྤེལ་མགྱོགས་དྲགས་ འགྱོ་མི་ཅིག་ཨིནམ།

རྒྱལ་ཁབ་ནང་ ནད་ཡམས་ཁྱབ་སྤེལ་འགྱོ་མིའི་ གནས་སྟངས་ལུ་ལྟ་སྟེ་ གསོ་བའི་མཁས་མཆོག་ཚུ་གིས་ ཀོ་བིཌ་-༡༩ ཐོབ་མི་ ནད་འབུབ་SAR-CoV-2 དེ་གིས་ ཁྱབ་སྤེལ་འགྱོ་ནི་ལུ་ ལྷན་ཐབས་འབད་དོ་བཟུམ་ཅིག་འདུག་ཟེར་ བཤདཔ་ཨིན་པས།

དེ་ཡང་ ཀོ་བིཌ་-༡༩ འི་ ཁྱད་གྱུར་གསརཔ་དེ་ འགོ་དང་པ་ར་ ཡུ་ནའེ་ཊེཊ་ཀིང་ཌོམ་ལུ་ བདའ་ཟུན་མི་དེ་ ཁྱབ་སྤེལ་མགྱོགས་དྲགས་ འགྱོ་མི་ཅིག་ཨིན་པའི་ ངོས་འཛིན་འབད་ཡོདཔ་ཨིན་པས།

གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ རྒྱལ་ཁབ་ནང་ དར་ཁྱབ་འགྱོ་མིའི་ གནས་སྟངས་ལུ་ལྟཝ་ད་ ཁྱབ་སྤེལ་མང་སུ་འགྱོ་མི་ཅིག་ འོང་ནི་ཨིནམ་ལས་ ཚ་གྱང་ཡོད་ཟེར་བཤད་ཅི།

ཨིན་རུང་ བློན་པོ་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ ཕྲ་རབས་ནད་འབུབ་ཀྱི་སྐོར་ལས་ བརྟག་དཔྱད་འབད་ནིའི་ མཁས་མཆོག་མེདཔ་ལས་ ལྷན་ཁག་གིས་ དེ་གི་སྐོར་ལས་ ད་ལྟོ་ ག་ནི་ཡང་ ངེས་ཏིག་སྦེ་ སླབ་མི་ཚུགས་པས་ཟེར་ཨིན་པས།

གསོ་བ་ལྷན་ཁག་གི་ གྲོས་སྟོན་སྡེ་ཚན་གྱི་ ཕྲ་འབུབ་མཁས་མཆོག་ ཌོག་ཊར་མཚོ་སྐྱེས་ཀྱིས་ བཤད་མིའི་ནང་ ད་ལྟོ་གི་ འགྲོ་འགྲུལ་བཀག་དམ་སྐབས་ བདའ་ཟུན་མི་མང་ཤོས་ར་ གནམ་གཤིས་བསིལ་དྲགས་འབད་ནི་དེ་གིས་ མི་ཚུ་གིས་ དུས་ཚོད་མང་ཤོས་ར་ ཁྱིམ་ནང་སྡོད་མི་དང་ མི་དང་གཅིག་ཁར་ འབྲེལ་བ་མང་སུ་སྦེ་ འཐབ་སྡོད་དགོ་ནི་དེ་གིས་ ཨིནམ་འོང་ཟེར་ བཤད་ཅི།

ཨིན་རུང་ ད་རེས་ཀྱི་གནས་སྟངས་ནང་ དར་ཁྱབ་འགྱོ་མིའི་གནས་ཚད་དེ་ ཁྱིམ་ནང་སྡོད་མི་རྐྱངམ་གཅིག་ལུ་བརྟེན་ འབྱུང་སྲིད་ཟེར་ཡང་ སླབ་མི་ཚུགས་ཟེར་ ཁོ་གིས་བཤད་པའི་ཁར་ དར་ཁྱབ་འགྱོ་མི་དེ་ ནད་འབུབ་གཞན་ གསརཔ་ཅིག་ལུ་བརྟེན་ཡང་ འོང་སྲིད་ཟེར་ཨིན་པས།

ཁོ་གིས་ཡང་ རྒྱལ་ཁབ་ནང་ མཁས་མཆོག་མེདཔ་ལས་ ད་ལྟོ་ གཏན་འཁེལ་སྦེ་ ག་ནི་ཡང་ སླབ་མི་ཚུགས་ཟེར་ཨིནམ་ད་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་གིས་ འཕྲལ་མགྱོགས་ར་ དཔེ་ཚད་ཚུ་ བེང་ཀོག་ལུ་ གཏང་ནི་ཟེར་བཤད་ཅི།

བློན་པོ་གིས་ སླབ་མིའི་ནང་ ད་ལྟོའི་ གནས་སྟངས་ནང་ བཟའ་ཚང་ནང་ལས་ མི་ཅིག་ལུ་ ནད་འབུབ་དེ་འཐོབ་པ་ཅིན་ ནང་མི་ག་ར་ལུ་ ཐོབ་དོ་ཡོད་མི་དེ་ ཧེ་མ་ནད་འབུབ་ཐོབ་མི་ཚུ་གི་ གནས་སྟངས་དང་ མི་འདྲ་བས་ ཟེར་ཨིན་པས།

མོ་གིས་བཤད་མིའི་ནང་ ཕུན་ཚོགས་གླིང་ལུ་ དོ་ཕབ་བཀལ་ས་ཁོངས་ནང་ ནད་འབུབ་ཐོབ་མི་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་དང་ སྡོད་ས་ཡང་ གཅིག་ཁར་སྡོད་མི་ཚུ་ལ་ལོ་ལུ་ ནད་འབུབ་དེ་ མ་ཐོབ་པས་ཟེར་ཨིན་པས།

ད་ཚུན་ སྤྱི་ཟླ་༡༢ པའི་ཚེས་༢༠ ཚུན་གྱི་བར་ན་ མི་སྡེ་ནང་ལས་ མི་༡༨༤ བདའ་ཟུན་ཡོད་མི་ལས་༩༢ ཧེ་མ་ལས་ བདའ་ཟུན་མི་ཚུ་དང་ འབྲེལ་བ་འཐབ་མི་ཚུ་ཨིནམ་ད་༡༡ འདས་པའི་ཆུ་ཚོད་༢༤ གི་ནང་འཁོད་ གསརཔ་བདའ་ཟུན་ཡོདཔ་ཨིན་པས།

བློན་པོ་གིས་ མགར་ས་དང་ བཀྲིས་གཡང་རྩེ་ དེ་ལས་ བསམ་གྲུབ་ལྗོངས་མཁར་མ་གཏོགས་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་ཚུ་ རྫོང་ཁག་གཞན་ཚུ་ནང་ ལྷོད་ནུག་ཟེར་ཨིནམ་ད་ ཁ་ཙ་གི་ གནས་སྡུད་དང་འཁྲིལཝ་ད་ ཐིམ་ཕུག་དང་སྤ་རོ་ དེ་ལས་ སྤུ་ན་ཁ་ དབང་འདུས་ཕྲོ་བྲང་ དར་དཀར་ནང་ ཀྲོང་གསར་ བུམ་ཐང་དང་ ཧཱ་རྫོང་ཁག་ཚུ་ནང་ འགྲོ་འགྲུལ་བཀག་དམ་འབད་བའི་ཤུལ་ལས་ ཁྱབ་སྤེལ་སོང་ཡོདཔ་ཨིན་པས།

ཨིན་རུང་ མི་སྡེའི་ནང་ལས་ ཁྱབ་སྤེལ་སོང་མི་དེ་ ཁ་ཙ་འབདཝ་ད་ ཐིམ་ཕུག་དང་ སྤ་རོ་རྐྱངམ་གཅིག་ལས་ སྙན་ཞུ་ཐོབ་ཡོདཔ་ད་ རྫོང་ཁག་གཞན་ཚུ་ནང་ལས་ ནད་འབུབ་ཡོདཔ་སྦེ་ བདའ་ཟུན་མི་ཚུ་ག་ར་ ཧེ་མ་ལས་ ཐོབ་ཡོད་མི་ཚུ་དང་ འབྲེལ་བ་འཐབ་མི་ཚུ་ཨིན་པས།

ཐིམ་ཕུག་ལུ་འབད་བ་ཅིན་ ངོས་འཛིན་འབད་མིའི་ཁོངས་༡༣ ལས་ བར་སྦིས་ས་དང་ ལྕང་སྒང་ཁ་མ་གཏོགས་ གཞན་༡༡ ནང་ ནད་འབུབ་ཐོབ་མི་ཚུ་ ཐོན་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *