ད་ལྟོའི་འགྲོ་འགྲུལ་བཀག་དམ་སྐབས་ ཉེར་མཁོའི་ཅ་ཆས་ལངམ་སྦེ་ཡོདཔ།

༉ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ ད་ལྟོའི་ འགྲོ་འགྲུལ་བཀག་དམ་སྐབས་ མཁོ་གལ་ཆེ་བའི་ བཟའ་འཐུང་གི་རིགས་ཚུ་ མ་ལང་ལངམ་སྦེ་ གསོག་འཇོག་ནང་ ཡོདཔ་ཨིན་པས།

རྒྱལ་ཡོངས་བཟའ་འཐུང་ཉེན་སྲུང་གསོག་འཇོག་དང་འཁྲིལཝ་ད་ མཁོ་ཆེ་བའི་ བཟའ་འཐུང་ཟེར་བའི་སྐབས་ ཆུམ་དང་ མར་ཁུ་ དེ་ལས་ གཞན་འབྲུ་སྣའི་རིགས་ཚུ་ ཚུདཔ་ཨིན་པས།

ལས་འཛིན་གྱི་ བཀོད་ཁྱབ་འགོ་དཔོན་ གནས་བརྟན་དབང་ཕྱུག་གིས་ སླབ་མིའི་ནང་ ད་རེས་ཁམས་ ནང་འདྲེན་འབད་མི་ཚུ་བརྩིས་ཏེ་ ད་ལྟོ་ ཆུམ་མེ་ཊིག་ཊཱན་༦,༢༩༠ དང་ མར་ཁུ་མེ་ཊིག་ཊཱན་༤༤༢ དེ་ལས་ འབྲུག་སྣ་མེ་ཊིག་ཊཱན་༧༥ དེ་ཅིག་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གསོག་འཇོག་དེ་གིས་ བདུན་ཕྲག་༡ ལང་ནི་དང་ དེ་ལས་ཕར་ཡང་ མཁོ་ཆེ་བའི་ ཅ་ཆས་ནང་འདྲེན་ལུ་ བར་ཆད་མ་བྱུང་པ་ཅིན་ དཀའ་ངལ་འབྱུང་དགོཔ་མེད་ཟེར་ཨིན་པས།

འདས་པའི་རྒྱལ་ཡོངས་བཀག་དམ་གྱི་སྐབས་ལུ་བཟུམ་སྦེ་ རྒྱ་གར་ལུ་ ད་རེས་ འགྲོ་འགྲུལ་བཀག་དམ་མེདཔ་ལས་ ནང་འདྲེན་ཚུ་ ཨ་རྟག་ག་ཨིནམ་སྦེ་ར་ འབད་ཚུགས་ཟེར་ཨིན་པས།

བཀོད་ཁྱབ་འགོ་དཔོན་གྱིས་ གནས་ཚད་དང་འཁྲིལཝ་ད་ ད་ལྟོའི་གསོག་འཇོག་དེ་ རྒྱལ་ཁབ་ཀྱི་ མི་རློབས་བརྒྱ་ཆ་༥༠ གི་དོན་ལུ་ཨིནམ་བཞིན་དུ་ ལྷག་ལུས་མི་རློབས་བརྒྱ་ཆ་༥༠ གི་དོན་ལུ་ སིལ་ཚོང་པ་དང་ གསོག་འཇོག་ཁང་ཚུ་ནང་ འོང་དགོཔ་ཨིན་ཟེར་ བཤདཔ་ཨིན་པས།

ཀོ་བིཌ་-༡༩ ལུ་བརྟེན་ གཞུང་གིས་ སིལ་ཚོང་པ་དང་ བཟའ་འཐུང་གི་ཚོང་ཁང་ དག་པ་ཅིག་ལུ་ བཟའ་འཐུང་གི་ཅ་ཆས་ གསོག་འཇོག་འབད་ནིའི་དོན་ལུ་ དངུལ་གྱི་སྐྱིན་གྲུལ་ཚུ་ཡང་ བྱིན་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ས་མཚམས་འཛུལ་སྒོ་བསྡམས་པའི་ཤུལ་ལུ་ ལས་འཛིན་གྱིས་ ཆུམ་བསྡོམས་མེ་ཊིག་ཊཱོན་༢༡,༠༡༣ དང་ མར་ཁུ་མེ་ཊིག་ཊཱན་༡,༩༧༩ དེ་ལས་ འབྲུ་སྣ་གཞན་ མེ་ཊིག་ཊཱན་༦༨༢ གསོག་འཇོག་འབད་ཡོདཔ་ཨིན་པས།

བཀོད་ཁྱབ་འགོ་དཔོན་གྱིས་ བཤད་མིའི་ནང་ ཡོངས་བསྡོམ་ལས་ ཆུམ་བརྒྱ་ཆ་༧༠ དང་ མར་ཁུ་བརྒྱ་ཆ་༧༧ དེ་ལས་ འབྲུ་སྣ་བརྒྱ་ཆ་༨༩ བཙོང་ཚར་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ འབྲུག་བཟའ་སྤྱོད་ལས་འཛིན་ནང་ ཚྭ་དང་ ཅི་ནི་ དེ་ལས་ ཕྱེ་རིགས་ཚུ་ཡང་ གསོག་འཇོག་ནང་ཡོདཔ་ད་ ཚྭ་མེ་ཊིག་ཊཱན་༡༢༤ དང་ ཅི་ནི་མེ་ཊིག་ཊཱན་༩༩ དེ་ལས་ ཕྱེ་མེ་ཊིག་ཊཱན་༩༥ ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *