ད་ལྟོ་ཚུན་ ཕོ་སྐྱེས་༣ གྱིས་ ཀོ་བིཌ་-༡༩ འི་སྨན་ཁབ་ ཐེངས་༢ རེ་བཙུགས་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ རྒྱལ་ཡོངས་སྨན་ཁབ་ལས་རིམ་ འགོ་བཙུགས་པའི་ཤུལ་ལས་ ད་ལྟོ་ཚུན་ ཕོ་སྐྱེས་༣ གྱིས་ ཀོ་བིཌ་-༡༩ འི་སྨན་ཁབ་ ཐེངས་༢ རེ་བཙུགས་ཡོདཔ་ད་ དེ་ཚུའི་གྲས་ལས་ དང་པ་ར་ བསམ་རྩེ་ལུ་ སྐྱེས་ལོ་༥༡ ལང་མི་ དགེ་སློང་ཅིག་གིས་ ཉིནམ་དང་པའི་ནང་ སྨན་ཁབ་ཐེངས་༢ བཙུགས་ནུག།

ཁོ་གིས་ སླབ་མིའི་ནང་ ཁོ་ར་ ཤེས་ཅི་མཐོང་ཅི་མེན་པར་ ལམ་ལུགས་ཧ་མ་གོ་ནི་དེ་གིས་ སྨན་ཁབ་ཐེངས་༢ བཙུགས་ནུག་ཟེར་ཨིནམ་ད་ ཨིན་རུང་ ད་ལྟོ་ཚུན་ གཟུགས་ཁམས་འཕྲོད་བསྟེན་ཐད་ཁར་ ཨ་རྟག་ཧར་ལུགས་སྦེ་ར་ ཡོད་ཟེར་ཨིན་པས།

དགེ་སློང་དེ་གིས་ སྨན་ཁབ་བཙུགས་སའི་ལྟེ་བ་ བཀྲིས་ཆོས་གླིང་རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ ལྷོད་ཞིནམ་ལས་ ཡོངས་འབྲེལ་ཐོག་ ཐོ་བཀོད་འབད་ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ ངོ་སྤྲོད་ལག་ཁྱེར་དང་ འགྲུལ་འཕྲིན་ཨང་ ལེན་འབག་ཞིནམ་ལས་ སྨན་ཁབ་བཙུགས་ནིའི་དོན་ལུ་ གྱལ་ནང་སྡོད་དགོཔ་སྦེ་ སླབ་མས་ཟེར་ཨིན་པས།

དེ་ལས་ སྨན་ཁབ་བཙུགས་ཞིནམ་ལས་ ལྟ་རྟོག་གི་དོན་ལུ་ ཁང་མིག་ནང་སྡོད་པའི་སྐབས་ བསམ་རྩེ་ལུ་ སྨན་ཁབ་ཐེངས་༢ པ་དེ་ཡང་ ཉིནམ་དེ་ལུ་ར་ བཙུགས་དགོ་པའི་སྐོར་ལས་ ལོ་རྒྱུས་གོ་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།

ཁོ་ར་ ལྟ་རྟོག་ཁང་མིག་ནང་ དུས་ཡུན་སྐར་མ་༣༠ སྒུག་སྡོད་ཞིནམ་ལས་ ལས་བྱེདཔ་གིས་ གནས་སྟངས་སྙན་ཞུ་འབད་ཟེར་ སླབ་པའི་ཤུལ་ལས་ ལོག་སྟེ་ར་ གྱལ་ནང་སྡོད་བཅུག་ཡི་ཟེར་ཨིན་པས།

དེ་བསྒང་ ཁོ་གིས་ ག་ནི་ཡང་མ་སླབ་པར་ སྨན་ཁབ་ཐེངས་༢ པའི་དོན་ལུ་ ཨིནམ་འོང་ནི་འདྲས་ཟེར་མནོ་སྟེ་ སྒུག་སྡོད་པའི་ཁར་ སྨན་གཡོགམོ་དེ་གིས་ཡང་ སྨན་ཁབ་བཙུགས་པའི་སྐབས་ ག་ནི་ཡང་ འདྲི་ནི་མིན་འདུག་ཟེར་ ཁོ་གིས་སླབ་ཨིན་པས།

ཁོ་ར་ དུས་ཡུན་སྐར་མ་༣༠ གི་རིང་ ཁང་མིག་ཅིག་ནང་ སྒུག་སྡོད་པའི་སྐབས་ ལས་བྱེདཔ་ཚུ་གིས་ ཁོ་གི་ ཨམ་མཐེ་བོང་ལུ་ རྟགས་བཀལ་མི་དེ་མཐོང་རུང་ ག་ནི་ཡང་ སླབ་ནི་མིན་འདུག་ཟེར་ཨིན་པས།

མི་ཚུ་གིས་ སྨན་ཁབ་བཙུགས་པའི་ཤུལ་ལས་ མགུ་ཏོ་ན་ནི་དང་ དྲོད་འབར་རྐྱབ་ནི་ ཁམས་ཕོག་རྐྱབ་མས་ཟེར་བའི་ ལོ་རྒྱུས་ཚུ་གོ་ཡོད་རུང་ ཁོ་གི་ཐད་ཁར་ རྟགས་མཚན་ག་ནི་ཡང་ མ་སྟོན་ཟེར་ སླབ་ཨིན་པས།

དེ་བཟུམ་སྦེ་ ངང་ལམ་ལུ་ཡང་ ཉིནམ་དང་པའི་ སྨན་ཁབ་ལས་རིམ་ནང་ སྐྱེས་ལོ་༥༤ ལང་མི་ ཕོ་སྐྱེས་ཅིག་གིས་ སྨན་ཁབ་དང་པ་ བཙུགས་ཞིནམ་ལས་ དུས་ཡུན་སྐར་མ་༣༠ མ་ལངམ་ལས་ར་ ད་རུང་ སྨན་ཁབ་ཐེངས་༢ པ་ བཙུགས་ཡོདཔ་ཨིན་པས།

ཀུན་གསལ་གྱིས་ ཤེས་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ སྨན་ཁབ་བཙུགས་ཞིནམ་ལས་ འཁྱིད་འགྱོ་མི་དེ་གིས་ བརྟག་དཔྱད་ཁང་མིག་ནང་ མ་ལྷོད་པའི་ལམ་ཕྱེད་ཀ་ཚུན་ ཁྱིད་བསྐྱལ་ཞིནམ་ལས་ ཁོ་ར་རྐྱངམ་གཅིག་བཏང་པའི་སྐབས་ ཁོ་གིས་ ད་རུང་ སྨན་ཁབ་བཙུགས་སའི་ ཁང་མིག་ནང་སོང་སྟེ་ སྨན་ཁབ་བཙུགས་ཡོདཔ་ཨིན་པས།

གསོ་བའི་ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ ཉིནམ་དང་པའི་ནང་ མི་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཐོ་བཀོད་འབད་ནིའི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ ལག་ལེན་འཐབ་པའི་ བརྒྱུད་ལམ་དཀའ་ངལ་ལུ་བརྟེན་ ཡིག་ཐོག་ལུ་ ཐོ་བཀོད་འབད་དགོཔ་ བྱུང་ཡི་ཟེར་ཨིན་པས།

མ་གཞི་ དགེ་སློང་དེ་གིས་ ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་ཡོད་རུང་ ཁོང་གིས་ ཐོ་བཀོད་འབད་བའི་སྐབས་ ཡོངས་འབྲེལ་བརྒྱུད་ལམ་མེདཔ་ལས་ རིམ་ལུགས་ནང་ཡོད་མེད་ ཤེས་རྟོགས་འབྱུང་མ་ཚུགས་ཟེར་ ལས་བྱེདཔ་ཚུ་གིས་ སླབ་ཨིན་པས།

ལས་བྱེདཔ་ཚུ་གི་བར་ན་ འབྲེལ་བ་འཐབ་མ་ཚུགས་མི་དང་ ག་ཐོབ་སྦེ་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་བརྟེན་ རང་སོའི་ གྲ་སྒྲིག་འབད་མི་ལྟེ་བ་ཚུ་གིས་ ཚུལ་བཞིན་ལག་ལེན་འཐབ་མ་ཚུགས་པས་ཟེར་ཨིན་པས།

ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ གསོ་བ་ལྷན་ཁག་གིས་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ ཤོ་མཚུངས་སྦེ་ སྨན་ཁབ་བཙུགས་སའི་ ས་ཁོངས་བཟོ་དགོཔ་སྦེ་ཡོད་ཟེར་ཨིནམ་ད་ དེ་ཡང་ སྨན་ཁབ་མ་བཙུགས་པའི་ཧེ་མར་ བརྟག་དཔྱད་འབད་ནི་དང་ སྨན་ཁབ་བཙུགས་ཞིནམ་ལས་ ལྟ་རྟོག་འབད་སའི་ཁང་མིག་ནང་ འཁྱིད་འགྱོ་ནི་ དེ་ལས་ ཕྱི་ཁར་འཐོན་ཆོགཔ་སྦེ་ ཡོད་ཟེར་ཨིན་པས།

ཨིན་རུང་ གསོ་བའི་ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ མི་སྟོབས་མ་ལང་པའི་དཀའ་ངལ་དང་ མི་ལེ་ཤ་སྤུངས་འཛོམས་འབད་མི་ལུ་བརྟེན་ སྨན་ཁབ་བཙུགས་སའི་ས་ཁོངས་ལས་ ཞབས་ཏོག་ཚུ་ ཚུལ་མཐུན་བྱིན་མ་ཚུགསཔ་ལས་ དེ་བཟུམ་མའི་ གནད་དོན་རེ་བྱུང་ནུག་ཟེར་ཨིན་པས།

དེ་ལས་ སྤྱི་ཟླ་༣ པའི་ཚེས་༢༩ གཟའ་མིག་དམར་ལུ་ཡང་ གཞལམ་སྒང་ལུ་ སྨན་ཁབ་ལན་ཐེངས་༢ བཙུགས་མི་ཅིག་ ཐོན་ཡོདཔ་ཨིན་པས།

གསོ་བ་ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ མི་ཚུ་གིས་ སྨན་ཁབ་ལན་ཐེངས་༢ བཙུགས་དགོ་པའི་སྐོར་ལས་ གོ་བ་ཕྱི་འགྱུར་ལེན་ནུག་ཟེར་ཨིནམ་ད་ དེ་ཡང་ སྨན་ཁབ་༢ པོ་ཆ་ར་ སྟབས་གཅིག་ཁར་ བཙུགས་དགོཔ་སྦེ་ མེན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཐེངས་༡ པའི་སྨན་ཁབ་བཙུགས་ཞིནམ་ལས་ བདུན་ཕྲག་༨ དང་༡༢ ཀྱི་བར་ན་ སྨན་ཁབ་ཐེངས་༢ པ་དེ་ བཙུགས་དགོཔ་ཨིན་ཟེར་ ཨིན་པས།

མི་ཚུ་གིས་ སྨན་ཁབ་བཙུགས་ནིའི་ ལས་རིམ་སྐོར་ལས་ དོགས་པ་རེ་ཡོད་པ་ཅིན་ གསོ་བའི་ལས་བྱེདཔ་དང་ ཡང་ཅིན་ སྒྲིག་གཡོག་རྒྱུག་པའི་བསྒང་ཡོད་མི་ བདེ་སྲུངཔ་ཚུ་ལུ་ འདྲི་དགོཔ་ཨིན་ཟེར་ཨིན་པས།

གསོ་བའི་འགོ་དཔོན་གྱིས་ སླབ་མིའི་ནང་ བྱུང་རྐྱེན་ཚུ་ལུ་ གཞི་བཞག་ཞིནམ་ལས་ ལྷན་ཁག་གིས་ སྨན་ཁབ་བཙུགས་སའི་ ལྟེ་བ་ཚུ་གིས་ སྨན་ཁབ་བཙུགས་པར་འོང་མི་ཚུ་ བརྟག་དཔྱད་འབད་ནི་དང་ ཞབས་ཏོག་ཡར་དྲག་གཏང་དགོཔ་ཁག་ཆེ་ཟེར་ཨིན་པས།

ད་ལྟོ་ཚུན་ ཉིནམ་༡ ནང་ སྨན་ཁབ་ཐེངས་༢ རེ་བཙུགས་མི་ ཕོ་སྐྱེས་༣ ལུ་ གཟུགས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ གནོད་སྐྱོན་ཚུ་བྱུང་བའི་ སྙན་ཞུ་མེདཔ་མ་ཚད་ ཤུལ་མའི་ སྨན་ཁབ་ལན་ཐེངས་༢ པ་དེ་ཡང་ ངེས་པར་དུ་ བཙུགས་དགོཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *