༉ དངུལ་རྩིས་ལྷན་ཁག་གིས་ ད་ལས་ཕར་ སྣུམ་འཁོར་ནང་འདྲེན་འབད་མི་ཚུ་གི་ཁྲལ་དེ་ རྒྱལ་ཁབ་ནང་ འཛུལ་སྒོ་ལུ་ སྤྲོད་ནིའི་ལམ་ལུགས་ བསྒྱུར་བཅོས་འབད་དེ་ ཉོ་བཙོང་འཐབ་སའི་ས་ཁོངས་ནང་ བཀལ་ནི་ཨིནམ་ལས་ ད་ལས་ཕར་ སྣུམ་འཁོར་ཉོ་མི་ཚུ་གིས་ བཙོང་ཁྲལ་ཐེབས་ སྤྲོད་དགོ་ནི་ཨིན་པས།
གཞན་དལ་གཞི་ ཁྲལ་བཀལ་ཐངས་དེ་ ཧེ་མའི་ལམ་ལུགས་ཐོག་ལུ་ བཞག་པ་ཅིན་ ད་རེས་ ཅ་དངོས་དང་ཞབས་ཏོག་ཁྲལ་གྱི་ ལམ་ལུགས་ལུ་བརྟེན་ སྣུམ་འཁོར་གྱི་ཁྲལ་ སྤྱིར་བཏང་ བརྒྱ་ཆ་༡༢ ལས་༢༠ གི་བར་ན་ མར་འབབ་འགྱོ་དགོཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡༠ ཚུན་འབད་བ་ཅིན་ ནང་འདྲེན་འབད་བའི་ སྣུམ་འཁོར་ཚུ་གི་ཁྲལ་ཚུ་ རྒྱལ་ཁབ་ནང་ འཛུལ་སའི་སྒོ་ར་ཁར་ གཞུང་གི་ ཅ་དམ་ཡིག་ཚང་ནང་ སྣུམ་འཁོར་བཟོ་གྲྭ་ཁང་ནང་གི་ གོང་ཚད་གུ་ བརྒྱ་ཆ་༡༠ དང་༢༥ རེ་ བཀལ་ཡོདཔ་ཨིན་པས།
ད་རེས་ ལམ་ལུགས་བསྒྱུར་བཅོས་ཐོག་ བཙོང་ཁྲལ་དེ་ ཚོང་འབྲེལ་འཐབ་པའི་སྐབས་ བཀལ་ནི་ཨིནམ་བཞིན་དུ་ ཁྲལ་དེ་ སྣུམ་འཁོར་གྱི་གོང་ཚད་དང་ སྔོ་ལྗང་གི་ཁྲལ་ སྐྱེལ་འདྲེན་ ཉེན་བཅོལ་ དེ་ལས་ ཟད་འགྲོ་གཞན་ཚུ་གི་ ཡོངས་བསྡོམས་གུ་སྦེ་ བཀལ་ནི་ཨིན་པས།
དཔེ་འབད་བ་ཅིན་ ཧེ་མ་ སྣུམ་འཁོར་གྱི་གོང་ཚད་ དངུལ་ཀྲམ་༡༠༠ སྦེ་ མཁོ་སྒྲུབ་འབད་བ་ཅིན་ འཛུལ་སྒོ་ཁར་ ཁྲལ་བརྒྱ་ཆ་༡༠ འབདཝ་ད་ དངུལ་ཀྲམ་༡༠ ཐེབས་སྤྲོད་དགོཔ་ཨིན་པས།
ད་རེས་ ལམ་ལུགས་གསརཔ་དེ་ནང་ སྣུམ་འཁོར་གྱི་གོང་ཚད་ དངུལ་ཀྲམ་༡༠༠ གུ་ སྐྱེལ་འདྲེན་གྱི་ཟད་འགྲོ་དང་ ཉེན་བཅོལ་ སྔོ་ལྗང་གི་ཁྲལ་ དེ་ལས་ ཟད་འགྲོ་གཞན་ཚུ་བསྡོམས་ཏེ་ ཡོངས་བསྡོམས་གུ་སྦེ་ ཁྲལ་བཀལ་ནི་ཨིན་པས།
དེ་དང་འཁྲིལ་ ཅ་དམ་ཡིག་ཚང་གིས་ ཕུན་ཚོགས་གླིང་གི་ སྣུམ་འཁོར་ཚོང་འབྲེལ་བ་ཚུ་ལུ་ ལམ་ལུགས་གསརཔ་དེ་ ལེགས་ཤོམ་སྦེ་ ཧ་གོ་དགོ་པའི་སྐོར་ལས་ བརྒྱུད་འཕྲིན་ཚུ་ ཡང་བསྐྱར་དུ་ ལྷོད་དོ་ཡོདཔ་ཨིན་པས།
སྣུམ་འཁོར་ཚོང་འབྲེལ་བ་ཚུ་གིས་ སླབ་མིའི་ནང་ སྣུམ་འཁོར་ཚུ་གུ་ ཅ་དམ་གྱི་ཁྲལ་བཀལ་ཏེ་ ཅ་དངོས་དང་ཞབས་ཏོག་ཁྲལ་ཚུ་ བཏོག་པའི་བསྒང་ལས་ གོང་ཚད་དེ་ ག་དེ་སྦེ་འགྱོ་དོ་ག་ ད་ལྟོ་ མི་ཤེས་པས་ཟེར་ཨིན་པས།
གཟིམ་སྒྲ་གི་ ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ མི་མང་ཤོས་ཅིག་གིས་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་གྱི་ ལམ་ལུགས་ལུ་བརྟེན་ སྣུམ་འཁོར་གྱི་གོང་ཚད་དེ་ མར་འབབ་འགྱོ་ནིའི་ མནོ་བསམ་བཏང་ཡོདཔ་ཨིན་རུང་ བསྒྱུར་བཅོས་སོང་ཡོདཔ་ད་ ད་རེས་ གོང་ཚད་ཚུ་ ག་དེ་སྦེ་འགྱོ་འོང་ག་ རྩིས་བཏོན་ནིའི་ ལཱ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ བཙོང་ཁྲལ་དེ་ ཡར་སེང་འགྱོ་བ་ཅིན་ མི་ཚུ་གིས་ མཁོ་མངགས་འབད་མི་ཚུ་ ཆ་མེད་གཏང་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
ཁོང་གིས་ གོང་ཚད་བཏོན་ནི་དེ་ རེས་གཟའ་མིག་དམར་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཨིན་རུང་ བསམ་ལྡན་སྣུམ་འཁོར་ཚོང་འབྲེལ་ཁང་ནང་ དེ་བཟུམ་མའི་ གནད་དོན་ཚུ་ ད་ལྟོ་ག་ནི་ཡང་ མ་འབྱུང་པས།
ད་ལྟོ་ སྣུམ་འཁོར་ཚུ་ འཛུལ་སྒོ་ཁར་ལྷོདཔ་ད་ སྔོ་ལྗང་གི་ཁྲལ་ བཏབ་དགོཔ་ཨིན་རུང་ ད་རུང་ ཚོང་འབྲེལ་འཐབ་པའི་སྐབས་ཀྱི་ གོང་ཚད་ནང་ཡང་ ཚུད་དེ་ཡོདཔ་བཞིན་དུ་ ཁྲལ་ཚར་༢ སྦེ་ བཀལ་དགོཔ་སྦེ་ བཀོད་དེ་ཡོདཔ་ལས་ མགུ་འཐོམ་སྟེ་ཡོདཔ་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཉི་མ་དབང་འདུས།