ད་རུང་ འགྲོ་འགྲུལ་བཀག་དམ་ལུ་ གྲ་སྒྲིག་མེད་པའི་མངོན་གསལ།

༉ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་དང་འཁྲིལ་ རྒྱལ་ཁབ་ནང་ འགྲོ་འགྲུལ་བཀག་དམ་འབད་ནི་དེ་ ངེས་པ་མེདཔ་ལས་ ནམ་ར་ཨིན་རུང་ ང་བཅས་ག་ར་ གྲ་སྒྲིག་སྦེ་ སྡོད་དགོཔ་ཅིག་ཨིན།

གཞུང་ལས་འབད་རུང་ ད་རིས་ འགྲོ་འགྲུལ་བཀག་དམ་མེད་རུང་ ནངས་པ་འབད་སྲིད་ནི་ཨིནམ་ལས་ ཉིནམ་དག་པ་ཅིག་ ལང་ཚུགས་པའི་ ཉེར་མཁོའི་ཅ་ཆས་ཚུ་ གསོག་འཇོག་ནང་ བཞག་དགོ་པའི་སྐོར་ དུས་དང་དུས་སུ་ དྲན་གསལ་འབད་དེ་ར་ཡོད་མི་དེ་ ག་གིས་ཡང་མ་ཤེསཔ་མེད།

ཨིན་རུང་ སྤྱི་ཟླ་༦ པའི་ཚེས་༡༢ ཀྱི་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ཁར་ གསོ་བ་བློན་པོ་གིས་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་ གློ་བུར་དུ་ འགྲུལ་སྐྱོད་བཀག་དམ་འབད་དགོ་པའི་སྐོར་ གསལ་བསྒྲགས་འབདཝ་ཅིག་ར་ ཐིམ་ཁྲོམ་གྱི་མི་ཚུ་ སྤྱགས་སྡུག་འཐབ་སྟེ་ ཚོང་ཁྲོམ་ཚུ་ནང་ ཉོ་ཚོང་རྐྱབ་པར་འགྱོཝ་ད་ དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་རིང་ རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་བྱུང་ཡི།

དེ་ཡང་ མི་ཆེ་འབྲིང་ཆུང་གསུམ་ག་ར་ བཟའ་ཆས་ཚོང་ཁང་དང་ ཚོད་བསྲེ་ཚོང་ཁྲོམ་ཚུ་ནང་ གབ་ཐོབ་རྐྱབ་སྟེ་ སྤུངས་འཛོམས་འབད་ཡོདཔ་ལས་ འགྲུལ་སྐྱོད་བཀག་དམ་དེ་ འགོ་དང་པ་འབད་དོ་བཟུམ་མའི་ མཐོང་སྣང་བྱུང་པའི་ཁར་ དེ་གིས་ ཤེས་ཡོན་ཅན་ཚུ་ལས་འགོ་བཟུང་ ང་བཅས་ག་ར་ འགྲོ་འགྲུལ་བཀག་དམ་ལུ་ གྲ་སྒྲིག་མེད་པའི་ཁར་ ནད་ཡམས་ཀྱི་ ཉེན་ཁ་ལུ་ཡང་ འཚེར་སྣང་མེད་པའི་ བརྡ་མཚོན་ཡང་སྟོན་ཡི།

ད་རེས་ནངས་པར་ རྒྱལ་ཁབ་ནང་ ནད་ཡམས་ཐོབ་མི་ ཆད་ནི་ཕར་བཞག་ ཧེང་སྐལ་་ར་ ཡར་འཕར་འགྱོ་དོ་ཡོདཔ་ལས་ ཤུལ་མའི་ཉིནམ་དག་པ་ཅིག་ནང་ ནད་འབུབ་ཐོབ་མིའི་གྱངས་ཁ་༢,༠༠༠ ལུ་ ལྷོད་ནི་དང་ ལུང་ཕྱོགས་རྒྱལ་ཁབ་ཚུ་གི་གྲས་ལས་ དམིགས་བསལ་དུ་ རྒྱ་གར་ལུ་ ནད་ཡམས་ཀྱི་ ཁྱད་རྣམ་གསརཔ་ཐོན་ཡོད་མི་དེ་ འབྲུག་ལུ་ ཁྱབ་སྤེལ་འགྱོ་ཉེན་ཡོདཔ་ལས་ ང་བཅས་ཆ་ཁྱབ་ དྲནམ་ཐེབས་བཏོན་ཏེ་ སྡོད་དགོཔ་ཨིན།

ནད་ཡམས་དེ་ མི་སྡེ་ནང་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགག་འབད་ནིའི་ ཐབས་ལམ་དྲག་ཤོས་ར་ འགྲོ་འགྲུལ་བཀག་དམ་དེ་ཨིནམ་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ འཛམ་གླིང་རྒྱལ་ཁབ་ག་ཏེ་ར་འབད་རུང་ བཀག་དམ་ལུ་བརྟེན་ ཀོ་བིཌ་-༡༩ ཚད་འཛིན་འབད་ནི་ལུ་ ལྷན་ཐབས་བྱུང་སྟེ་འདུག།

ང་བཅས་ཀྱིས་ ནད་ཡམས་ལས་ རྒྱལ་ཁ་འཐོབ་དགོ་པ་ཅིན་ གནས་སྐབས་ཅིག་གི་དོན་ལུ་ འགྲོ་འགྲུལ་བཀག་དམ་འབད་མི་ལུ་ རྒྱབ་སྐྱོར་འབད་དགོ། དེ་གི་དོན་ལུ་ ནམ་ར་འབད་རུང་ གྲ་སྒྲིག་སྦེ་ སྡོད་དགོ་པའི་ཁར་ བཀག་དམ་གྱི་སྐབས་ལུ་འབད་རུང་ ང་བཅས་ག་ར་གིས་ གསོ་བའི་སྒྲིག་གཞི་ཚུ་ལུ་ ཚུལ་བཞིན་དུ་ གནས་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་འགྲུབ་དགོཔ་དེ་གལ་ཆེ། 

ད་རེས་ཀྱི་ འགྲུལ་སྐྱོད་བཀག་དམ་དེ་ མཇུག་མེནམ་ལས་ བཀག་དམ་ཆ་མེད་གཏང་རུང་ མི་སྡེ་ནང་ལས་ ནད་ཡམས་ཐོབ་མི་ གསརཔ་ངོས་བཟུང་འབད་བ་ཅིན་ ད་རུང་  བཀག་དམ་འབད་ནིའི་ འོས་འབབ་ཡོདཔ་ལས་ ཐིམ་ཕུག་རྐྱངམ་གཅིག་མེན་པར་ རྫོང་ཁག་གཞན་ཚུ་ནང་ སྡོད་མི་ཚུ་གིས་ ཉུང་ཤོས་ཉིནམ་༣ ལང་ཚུགས་པའི་ ཉེར་མཁོའི་ཅ་ཆས་ཚུ་ མཁོ་སྒྲུབ་འབད་དེ་བཞག་དགོ། 

དེ་མིན་ ཁ་ཉིནམ་ ཐིམ་ཕུག་ལུ་ མི་ཚུ་ ཚོང་ཁང་ཚུ་ནང་ལས་ཕར་ ག་ཐོབ་རྐྱབ་མི་བཟུམ་ སྤུངས་འཛོམས་འབད་བ་ཅིན་ ནད་ཡམས་དེ་ ཧེང་སྐལ་ར་ འཕྱེལ་འགྱོ་ནི་དང་ མཐའན་མཇུག་ལུ་ དམ་འཛིན་འབད་མ་ཚུགསཔ་ འགྱོ་བའི་བསྒང་ལས་ ང་བཅས་ཀྱི་ དུར་ཁྲོད་ཚུ་ནང་ ཕུངམ་བཞག་ས་མེད་པའི་ གདོང་ལེན་འབྱུང་ནིའི་ ཉེན་ཁ་སྦོམ་ཡོད།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *