༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ དམངས་རྩིས་ཚོགས་ཆུང་གིས་ སོ་ནམ་ཞིང་ལམ་གོང་འཕེལ་དང་འཛིན་སྐྱོང་གི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཕུལ་བའི་སྐབས་ རྒེད་འོག་ལྟེ་བའི་ འཁོར་ལམ་བསལ་ནི་དང་ རྒྱུན་སྐྱོང་གི་ལཱ་ཚུ་ ཧེ་མ་བཟུམ་སྦེ་ར་ ལམ་སེལ་ལས་ཁུངས་ཀྱིས་ འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།
གནད་དོན་དེ་ལུ་ རྩོད་བསྡུར་རྒྱས་པར་འབད་རུང་ གྲོས་ཐག་གཅད་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་གསུང་གྲོས་གནང་ནི་ཨིན་པས།
ཚོགས་ཆུང་གིས་ རྒྱལ་ཁབ་ནང་ རྒེད་འོག་ལྟེ་བའི་ལམ་ མང་ཤོས་ཀྱི་གནས་སྟངས་ཚུ་ ཉམས་ཡོད་པའི་ཁར་ ས་གནས་གཞུང་ལུ་ བཟོ་རིག་གི་ལྕོགས་གྲུབ་དང་ ཐོན་སྐྱེད་མེདཔ་ལས་ རྒེད་འོག་ལྟེ་བའི་ལམ་ཚུ་ རྒྱུན་སྐྱོང་འཐབ་མ་ཚུགས་པར་ཡོད་མི་ལུ་བརྟེན་ དམངས་རྩིས་ཚོགས་ཆུང་གིས་ རྒེད་འོག་ལྟེ་བའི་ལམ་གྱི་ བཟོ་སྐྲུན་དང་རྒྱུན་སྐྱོང་ཚུ་ ཧེ་མ་བཟུམ་སྦེ་ ལས་སེལ་ལས་ཁུངས་ཀྱི་འབད་དགོ་པའི་ གྲོས་འདེབས་ཕུལ་ནུག།
དམངས་རྩིས་ཚོགས་ཆུང་གི་ཁྲི་འཛིན་ སྤ་རོ་གི་ རྒྱལ་ཡོངས་ཚོགས་སྡེ་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ ཞུ་མིའི་ནང་ གྲོས་འདེབས་ཕུལ་མི་དེ་ཡང་ རྫོང་ཁག་༣ ནང་ ལྟ་སྐོར་འགྱོ་བའི་སྐབས་ ས་གནས་གཞུང་གི་ རྒཔོ་དང་ དམངས་མི་ ཚོགས་པ་ དེ་ལས་ རྫོང་བདག་དང་ རྫོང་བདག་ངོ་ཚབ་ཚུ་དང་ གསུང་གྲོས་གནང་པའི་སྐབས་ ས་གནས་གཞུང་ལུ་ འཕྲུལ་རིག་མེད་པའི་དཀའ་ངལ་ཚུ་ སླབ་ནི་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལམ་ཅིག་ཆད་པའི་སྐབས་ ས་གནས་གཞུང་ལུ་ འཕྲུལ་ཆས་དང་ བཟོ་རིག་མཁས་མཆོག་ཚུ་མེདཔ་ལས་ བསལ་ནི་ལུ་ དཀའ་ངལ་བྱུངམ་མས་ཟེར་ཨིནམ་ད་ ལམ་སེལ་ཁུངས་ལུ་ འཕྲུལ་ཆས་ཚུ་ཡོདཔ་ལས་ ལམ་བསལ་ནི་ལཱ་ཚུ་ འབད་ཚུགས་ཏེ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ ཁྲི་འཛིན་གྱིས་ཞུ་ཡི།
རྒྱལ་ཁབ་ནང་འཁོད་ཀྱི་ རྒེད་འོག་ལྟེ་བའི་འཁོར་ལམ་ཚུ་ཡང་ སྤྱི་ལོ་༢༠༡༩ གི་ཧེ་མར་ ལམ་སེལ་ལས་ཁུངས་ཀྱིས་ བཟོ་སྐྲུན་དང་ རྒྱུན་སྐྱོང་འཐབ་སྡོད་པའི་ཤུལ་ལས་ ས་གནས་གཞུང་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
དམངས་རྩིས་ཚོགས་ཆུང་ཁྲི་འཛིན་གྱིས་ ཞུ་མིའི་ནང་ རྩིས་ལོ་༢༠༡༩-༢༠ ལས་ རྒེད་འོག་ལྟེ་བའི་ལམ་ཚུ་ རྒྱུན་སྐྱོང་འཐབ་ནིའི་འགན་ཁུར་དེ་ ལམ་སེལ་ལས་ཁུངས་ལས་ ས་གནས་གཞུང་ལུ་ ས་ཁམས་ཀྱི་གནས་སྟངས་ལུ་ དབྱེ་བ་མེད་པར་ རྒྱུན་སྐྱོང་ཀྱི་ འཆར་དངུལ་དངུལ་ཀྲམ་༤༥,༠༠༠ ལས་༣༠,༠༠༠ ལས་ མར་ཕབ་སྟེ་ སྤྲོད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁོ་གིས་འབད་བ་ཅིན་ འཁོར་ལམ་ཚུ་ དུས་ཚོད་ཁར་ རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ ས་གནས་གཞུང་ལུ་ ལྕོགས་གྲུབ་ཅན་གྱི་མི་སྟོབས་དང་ འཕྲུལ་ཆས་ མཁོ་ཆས་ཚུ་ ལངམ་སྦེ་མེད་མི་ལུ་བརྟེན་ རྒེད་འོག་ལྟེ་བའི་ལམ་དང་ སྤྱི་འོག་ལམ་ དེ་ལས་ སོ་ནམ་ཞིང་ལམ་གྱི་ གནས་སྟངས་ཚུ་ ཉམས་སྟེ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ཞུ་ཡི།
དེ་མ་ཚད་ རྒེད་འོག་ལྟེ་བའི་ ལམ་ལ་ལོ་ཅིག་ རྒེད་འོག་ཚུ་དང་མཐུད་འབྲེལ་དང་ ཡང་ཅིན་ ལྷོད་ལམ་སྦེ་ ལག་ལེན་འཐབ་སྟེ་ཡོད་མི་གིས་ ས་ཁོངས་ཀྱི་ས་མཚམས་དང་ རྒྱུན་སྐྱོང་གི་ འཆར་དངུལ་འཐོབ་ནི་ལུ་ སྟབས་མ་བདེཝ་བྱུང་སྟེ་འདུག་ཟེར་ ཁྲི་འཛིན་གྱིས་ཞུ་ཡི།
འཐུས་མི་ཚུ་གིས་ ཞུ་མིའི་ནང་ ལམ་གྱི་བཅའ་ཁྲིམས་དང་འཁྲིལཝ་ད་ རྫོང་ཁག་དང་ རྒེད་འོག་ལམ་ཚུ་ རང་སོའི་རྫོང་ཁག་དང་ རྒེད་འོག་བདག་སྐྱོང་གིས་ བདག་འཛིན་འབད་དགོཔ་སྦེ་ གསལ་བཀོད་འབད་དེ་ཡོདཔ་ལས་ ཧེ་མ་ གཞུང་གིས་ དེ་སྦེ་ ས་གནས་གཞུང་ལུ་ བྱིན་ནུག་ཟེར་ཨིན་པས།
ཚོགས་ཆུང་གི་འཐུས་མི་ ཆོས་འཁོར་-སྟངས་ཀྱི་འཐུས་མི་ ཟླ་བ་གིས་ ཞུ་མིའི་ནང་ སོ་ནམ་ཞིང་ལམ་དེ་ རྒེད་འོག་བདག་སྐྱོང་ལུ་བཞག་སྟེ་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ ལམ་སེལ་ལས་ཁུངས་ལུ་ བྱིན་པ་ཅིན་ སོ་ནམ་ཞིང་ལམ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་ཚུགས་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྩིས་ཞིབ་དབང་འཛིན་གྱིས་ གཙོ་བོ་ར་ སོ་ནམ་ཞིང་ལམ་དང་ རྒེད་འོག་ལྟེ་བའི་ འཁོར་ལམ་གྱི་ ཇོ་བདག་གཏན་འཁེལ་མེད་པའི་ཁར་ ལས་ཁུངས་དང་ གཙུག་སྡེ་ཚུ་ སྦྲེལ་མཐུན་མེད་མེདཔ་སྦེ་ གསལ་སྟོན་འབད་མི་ལུ་བརྟེན་ གྲོས་འདེབས་ཕུལཝ་ཨིན་ཟེར་ཨིན་པས།
ཨ་ཐང་-ཐེད་ཚོ་གི་འཐུས་མི་ ཀུན་ལེགས་དབང་ཕྱུག་གིས་ ཞུ་མིའི་ནང་ རྒེད་འོག་ལྟེ་བའི་ལམ་ཚུ་ ལམ་སེལ་ལས་ཁུངས་ལུ་ རྩིས་སྤྲོད་འབད་ནི་ལུ་ རྒྱབ་སྐྱོར་མེདཔ་ད་ ད་རེས་ ས་གནས་གཞུང་གིས་ རྒེད་འོག་ལམ་ཚུ་ འཛིན་སྐྱོང་འབད་རུང་ གཞུང་ལྟེ་བ་གིས་ འབད་དོ་བཟུམ་རུང་ བདག་འཛིན་འཐབ་དོ་བཟུམ་སྦེ་ར་ མཐོང་མས་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་ཚུ་གིས་ཡང་ ལམ་སེལ་ལས་ཁུངས་ཀྱིས་ བཀོད་རྒྱ་དང་འཁྲིལ་ཏེ་ར་ ལཱ་འབད་མི་ལུ་བརྟེན་ ལོགས་སུ་སྦེ་ འཆར་གཞི་ཨམ་ཅིག་བཟོ་སྟེ་ ལམ་སེལ་ལས་ཁུངས་ལུ་ རྩིས་སྤྲོད་དགོ་པའི་ འོས་འབབ་ཅིག་ མིན་འདུག་ཟེར་ འཐུས་མི་ཀུན་ལེགས་དབང་ཕྱུག་གིས་ཞུ་ཡི།
ཚོགས་ཆུང་གིས་ འབྲུག་གི་ལམ་གྱི་བཅའ་ཁྲིམས་དང་འཁྲིལ་ཏེ་ ལམ་ལེས་ལས་ཁུངས་དེ་ རྒྱལ་ཡོངས་དབང་འཛིན་ཅིག་འབད་མི་ལུ་བརྟེན་ རྒྱལ་ཁབ་ནང་ སོ་ནམ་ཞིང་ལམ་གྱི་ འཛིན་སྐྱོང་ལམ་ལུགས་ཚུ་ སྤུས་ཚད་དང་ལྡནམ་ ངེས་བརྟན་བཟོ་ནིའི་དོན་ལུ་ ལྟ་རྟོག་གི་ ལཱ་འགན་འབད་དགོཔ་ད་ རྒེད་འོག་ལྟེ་བའི་ལམ་དང་ སྤྱི་འོག་གི་ལམ་ སོ་ནམ་ཞིང་ལམ་སེལ་ནི་ མཛོད་ཐོའི་འཛིན་སྐྱོང་ དེ་ལས་ ལམ་རྒྱུན་སྐྱོང་བརྩིས་ཏེ་ ཐབས་བྱུས་ཀྱི་འཆར་གཞི་ཨམ་ གཙུག་སྡེའི་བདེ་སྒྲིག་དང་ ལམ་དབྱེ་ཁག་གི་ ལམ་ལུགས་ཚུ་ བསྐྱར་ཞིབ་འབད་དགོ་པའི་ གྲོས་འདེབས་ཕུལ་ནུག།
དེ་བཟུམ་སྦེ་ གྲོས་འདེབས་གཞན་དེ་ ལམ་སེལ་ལས་ཁུངས་དེ་ རྒྱལ་ཁབ་ཀྱི་ འཁོར་ལམ་ཆ་མཉམ་གྱི་ རྒྱལ་ཡོངས་དབང་འཛིན་ཅིག་འབད་ལས་ སོ་ནམ་ཞིང་ལམ་གོང་འཕེལ་གྱི་ ལམ་སྟོན་བསྐྱར་བཟོ་༢༠༡༩ ཅན་མ་ བསྐྱར་ཞིབ་འབད་དགོཔ་ད་ ས་གནས་གཞུང་དང་ ལམ་ལག་ལེན་འཐབ་མི་སྡེ་ཚན་ཚུ་གིས་ སྤྱི་འོག་གི་ལམ་དང་ སོ་ནམ་ཞིང་ལམ་ཚུ་ རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ ལམ་གྱི་རིང་ཚད་ཚུ་ ལེགས་སྒྱུར་འབད་དགོཔ་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཞུ་མིའི་ནང་ ལམ་དེ་ གལ་གནད་ཅན་ཅིག་འབདཝ་ལས་ ད་ལྟོ་ཡོད་པའི་ ཞབས་ཏོག་ལྷན་ཁག་དེ་ གཞི་རྟེན་དང་སྐྱེལ་འདྲེན་ལྷན་ཁག་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷན་ཁག་གི་འོག་ལུ་ ལས་ཁུངས་༤ ཡོད་མི་ལས་ ས་ཐོག་སྐྱེལ་འདྲེན་ལས་ཁུངས་ཀྱིས་ འཁོར་ལམ་ཚུ་ བལྟ་ནི་ཨིནམ་ད་ གཞུང་ལྟེ་བ་དང་ ས་གནས་གཞུང་གི་བར་ན་ ཁྱད་པར་ཕྱེ་ནི་མི་འོང་ཟེར་ཨིན་ཞུ་ཡི།
མ་འོངས་པ་ལུ་ རྒེད་འོག་ལམ་ཚུ་ ས་ཐོག་སྐྱེལ་འདྲེན་ལས་ཁུངས་དང་ ཡང་ཅིན་ ས་གནས་གཞུང་ ག་གིས་ བདག་འཛིན་འཐབ་རུང་ གཞུང་གི་ཁ་ཐུག་ལས་ མི་སྟོབས་ཀྱི་རྒྱབ་སྐྱོར་དང་ མ་དངུལ་ཚུ་ལངམ་སྦེ་ བྱིན་ནི་ཨིནམ་བཞིན་དུ་ མི་སྟོབས་དང་ མ་དངུལ་ཚུ་ དགོས་མཁོ་བྱུང་མི་ཚུ་ལུ་ བྱིན་དགོ་ཟེར་ བློན་ཆེན་གྱིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ མ་དངུལ་དང་ མི་སྟོབས་ཀྱི་རྒྱབ་སྐྱོར་དེ་ ས་གནས་གཞུང་ར་ མི་དྲག་ག་ཟེར་ཨིནམ་ད་ འཆར་གཞི་བཟོ་ནི་དང་ སྟབས་མ་བདེཝ་ཚུ་ བདེ་སྒྲིག་འབད་ནི་དེ་ དེ་ལས་ གནས་སྐབས་བཏོན་ནི་ག་ར་ གཞུང་ལྟེ་བ་གིས་ ལཱ་འབད་དགོཔ་ཡོད་རུང་ ས་གནས་ནང་ ལག་ལེན་དེ་ ཁོང་གིས་ འབད་དགོཔ་སྦེ་ བཀོད་དེ་མེད་ཟེར་ཞུ་ཡི།
བློན་ཆེན་གྱིས་ ད་རེས་ དཀའ་ངལ་གཙོ་བོ་ར་ མ་དངུལ་མ་ལང་མི་དེ་ཨིནམ་ད་ གཞུང་ལམ་གསརཔ་ ཀི་ལོ་མི་ཊར་༡ བསལ་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་འབུམ་༡༥༠ དེ་ཅིག་ གནས་དོ་ཡོད་པའི་ཁར་ གཞུང་ལམ་༢ པ་བསལ་དགོ་པ་ཅིན་ དངུལ་ཀྲམ་འབུམ་༡༠༠ དེ་ལས་ རྒེད་འོག་ལམ་བསལ་བ་ཅིན་ དངུལ་ཀྲམ་འབུམ་༥༠ དེ་ཅིག་ གནསཔ་མས་ཟེར་ ཞུ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།