ད་རིས་ རྒྱུ་དངོས་ཁྲལ་གྱི་དཔྱད་ཡིག་གུ་ འཕྲོ་མཐུད་གསུང་གྲོས་གནང་ནི།

༉ འབྲུག་གི་རྒྱུ་དངོས་ཁྲལ་གྱི་དཔྱད་ཡིག་༢༠༢༢ ཅན་མའི་གུ་ ད་རིས་ འཕྲོ་མཐུད་གསུང་གྲོས་གནང་ནི་ཨིན་པས།
ཨིན་རུང་ ཚོགས་འདུའི་འཐུས་མི་ཚུ་གིས་ དཔྱད་ཡིག་དེ་ལུ་ གྲོས་བསྡུར་འབདཝ་ད་ རྒྱུ་དངོས་ཀྱི་ ཇོ་བདག་ཚུ་གིས་ ཁྲོམ་དང་ གྲོང་གསེབ་ཀྱི་དོན་ལུ་ རིན་ཐང་སོ་སོར་སྦེ་ བཀོད་དེ་ཡོད་མི་དང་འཁྲིལ་ཏེ་ ལོ་བསྟར་བཞིན་དུ་ བརྒྱ་ཆ་༠.༡ རེ་ ཕོག་ནི་བཟུམ་ཡོདཔ་ཨིན་པས།
འཐུས་མི་མང་ཤོས་ཅིག་གིས་ དཔྱད་ཡིག་དེ་ལུ་ གྲོས་བསྡུར་འབདཝ་ད་ ཁྲལ་བཀལ་མི་དེ་ལུ་ རྒྱབ་སྐྱོར་ཡོད་པའི་ཁར་ བཀལ་ནིའི་དབང་ཆ་དེ་ གཞུང་ལུ་ཡོདཔ་ལས་ གཞུང་གིས་འབད་རུང་ དེ་དང་བསྟུན་པའི་མཐུན་རྐྱེན་ཚུ་ མི་མང་ལུ་ ལྷོད་དགོ་ཟེར་ཞུ་ཡི།
ཨིན་རུང་ ཁྲོམ་སྡེ་ནང་སྡོད་མི་ཚུ་ལུ་ ཁྲལ་བཀལ་མི་དང་བསྟུན་པའི་མཐུན་རྐྱེན་ དཔེར་ན་ འཐུང་ཆུ་བཟུམ་ཚུ་ བདུན་ཕྲག་ལས་བཅད་དེ་ མེད་པར་ལུས་དོ་ཡོདཔ་ད་ དེ་བཟུམ་མའི་ གནས་སྟངས་ཚུ་ནང་ ཁྲལ་བཏབ་མི་ལས་ ཕབ་ཆག་བྱིན་དགོ་པའི་ ལམ་ལུགས་ཡང་ དགོ་པས་ཟེར་ཞུ་མི་ཐོན་ཡི།
བར་མཚམས་-གཤོང་ཕུག་གི་འཐུས་མི་ པ་སངས་རྡོ་རྗེ་གིས་ ཁྲལ་བསྡུ་སྟེ་ཡོད་རུང་ གཞུང་གི་འགན་ཁུར་དེ་ མཐུན་རྐྱེན་བྱིན་ ནི་དེ་ཨིནམ་ལས་ ས་ཁོངས་ལ་ལོ་ཅིག་ནང་ བདུན་ཕྲག་ལས་བཅད་དེ་ འཐུང་ཆུ་མེད་པར་ལུས་དོ་ཡོདཔ་ལས་ དེ་བཟུམ་མའི་ གནས་སྟངས་ནང་ ཁྲལ་བཏབ་པའི་མཐའ་མར་ མཐུན་རྐྱེན་ཚུ་བྱིན་མ་ཚུགས་པ་ཅིན་ ཁྲལ་བཏབ་མི་ལས་ ཕབ་ཆག་བྱིན་དགོཔ་འདུག་ཟེར་ཞུ་ཡི།
དེ་ལུ་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ དེ་སྦེ་ཨིན་པ་ཅིན་ མདུན་དུ་མེན་པར་ རྒྱབ་ཏུ་འགྱོ་དོ་བཟུམ་ཅིག་ འོང་ནི་ མས་ཟེར་གསུངས་ཡི།
ཁ་སྨད་-ལུང་ནག་ནང་གི་འཐུས་མི་ ཡེ་ཤེས་སྒྲོལམ་གིས་ ཁྲལ་སེངམ་ད་ དེ་གི་འབྱེམ་དེ་ ཁྱིམ་ནང་སྡོད་མི་ཚུ་ལུ་ ཕོག་དོ་ཡོདཔ་ལས་ ཁང་གླ་གཅིག་མཚུངས་བཞག་ཐབས་ ག་དེ་སྦེ་ འོང་ག་ཟེར་ཞུ་ཡི།
བདེ་བ་ཐང་-སྒོམ་དར་གྱི་འཐུས་མི་ ཨོ་རྒྱན་རྡོ་རྗེ་གིས་ གཞུང་ཁྱིམ་ནང་སྡོད་མི་ཚུ་ལུ་ ཁང་གླ་བཏབ་སྲོལ་ཡོད་མི་དེ་ ཁང་ཚན་ཚུ་ ཚད་འཇལ་ཞིནམ་ལས་ བཀལ་དོ་བཟུམ་སྦེ་ སྒེར་ཁྱིམ་ཚུ་ཡང་ དེ་སྦེ་འབད་ནིའི་ལམ་ལུགས་ གཞུང་གིས་བལྟ་དགོཔ་འདུག་ཟེར་ཞུ་ཡི།
བཅའ་ཡིག་འགོ་འཛིན་པ་ དངུལ་རྩིས་བློན་པོ་གིས་ བར་མཚམས་-གཤོང་ཕུག་གིས་ ཞུ་མིའི་ལན་ལུ་ དཔྱད་ཡིག་རྩམ་པའི་ སྐབས་ ལྷན་རྒྱས་གཞུང་ཚོགས་ནང་ ཐེངས་མང་རབས་ཅིག་ དོན་ཚན་དེ་ལུ་གཞི་བཞག་སྟེ་ གྲོས་བསྟུན་ཚུ་འབད་ཡོདཔ་ད་ བློན་པོ་གིས་ གནས་སྟངས་བལྟ་སྟེ་ ཁྲོམ་ཚོགས་ནང་ཨིན་པ་ཅིན་ ཕབ་ཆག་གི་དོན་ཚན་ཚུད་དེ་ཡོདཔ་ལས་ དེ་བསྒང་ གྲོས་བསྟུན་འབད་ཚུགས་ཟེར་ཞུ་ཡི།
དངུལ་རྩིས་བློན་པོ་གིས་ སའི་ཇོ་བདག་གིས་ མཐུན་རྐྱེན་ཚུ་ལྷོད་རུང་ ས་ཆ་དེ་ནང་ གོང་འཕེལ་གྱི་ལཱ་ཚུ་མ་འབད་བར་ དེ་སྦེ་ ར་བཞག་པ་ཅིན་ ལོ་བསྟར་ས་ཁྲལ་བཀལ་མི་ལུ་ བརྒྱ་ཆ་༡༥ ཐེབས་བཀལ་དགོ་མི་དེ་ ཉུང་མཐའ་ཨིན་མི་དེ་ཡང་ མཐུན་རྐྱེན་ ཚུ་ག་ར་ ཟད་འགྲོ་བཏང་སྟེ་ བཙུགས་ཚར་བའི་ཤུལ་ལས་ མེདཔ་བཏང་པ་ཅིན་ རྒུད་ཨིནམ་ལས་ ཁྲལ་ཐེབས་བཀལཝ་ ཨིན་ཟེར་ཞུ་ཡི།
རྒྱུ་དངོས་ཁྲལ་གྱིས་ ནང་འཁོད་འོང་འབབ་ལུ་ བརྒྱ་ཆ་༡༢ ཀྱི་རྩིས་ ལྷན་ཐབས་འབད་དོ་ཡོད་མི་དེ་ རྒྱལ་སྤྱིའི་ནང་ ཉུང་ཤོས་ ཅིག་ཨིན་པས།
འདས་པའི་གྲོས་བསྡུར་སྐབས་ དངུལ་རྩིས་བློན་པོ་གིས་ རྒྱུ་དངོས་ཁྲལ་གྱིས་ གཞུང་ཁྲལ་ཡོངས་བསྡོམས་ལས་ བརྒྱ་ཆ་༠.༢༦ གི་རྩིས་ཨིན་རུང་ རྒྱལ་ཁབ་གཞན་ཁར་འབད་བ་ཅིན་ བརྒྱ་ཆ་༨༠ དང་༩༠ གི་བར་ན་འདུག་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *