ད་རིས་ ཡུ་ཨེསི་ལས་ སྨན་ཁབ་མོ་ཌར་ན་༥༠༠,༠༠༠ རྒྱལ་ཁབ་ནང་ལྷོད་ནི།

༉ ཡེ་ཨེསི་ཨེ་གིས་ འབྲུག་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་མོ་ཌར་ན་༥༠༠,༠༠༠ བསྐྱལ་བཏང་མི་དེ་ ད་རིས་ རྒྱལ་ཁབ་ནང་ ལྷོད་ནི་ཨིན་པས།

འབྲུག་ལུ་ སྨན་ཁབ་ཚུ་ བསྐྱལ་བཏང་མིའི་སྐོར་ལས་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ ཝའིཊ་ཧའུསི་གི་ བརྡ་དོན་དྲུང་ཆེན་ ཇེན་ས་ཀི་གིས་ བརྡ་བརྒྱུད་ཞལ་འཛོམས་ཅིག་ནང་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

སྨན་ཁབ་ཚུ་ བགོ་བཀྲམ་འབད་མི་དེ་ཡང་ གོང་འཕེལ་འགྱོ་མི་དང་ མ་གྱོ་མི་རྒྱལ་ཁབ་ཚུ་གི་བར་ན་ སྨན་ཁབ་ཚུ་ འདྲ་མཉམ་སྦེ་ མ་འཐོབ་པའི་ཚ་གྱང་ལུ་གཞི་བཞག་སྟེ་ ཡུ་ཨེསི་རྒྱབ་ཁབ་ནང་ ཐོན་སྐྱེད་འབད་མི་ སྨན་ཁབ་ས་ཡ་༨༠ འབད་མི་དེ་ རྒྱལ་ཁབ་ཚུ་ལུ་ བགོ་བཤའ་རྐྱབ་བྱིན་ནིའི་ ཁས་བླངས་འབད་མི་དང་ འཁྲིལ་ཏེ་ཨིན་པས།

སྨན་ཁབ་བསྐོར་ཐེངས་དང་པའི་ནང་ འབྲུག་མི་ཚུ་ལུ་ ཨེསི་ཊ་ཟེ་ནེ་ཀ་ བཙུགས་ཡོདཔ་ཨིན་རུང་ སྨན་ཁབ་ཕའི་ཟར་དང་ མོ་ཌར་ན་༢ ཐོབ་མི་ཚུ་ སྨན་ཁབ་ཐེངས་༢ པའི་ནང་ བཙུགས་ནི་ཨིན་པས།

འབྲུག་ལུ་ ཀོ་བེགསི་ཞབས་ཏོག་ལས་ ཕའི་ཟར་སྨན་ཁབ་༥,༨༥༠ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཐོབ་ཡོདཔ་ད་ སྨན་ཁབ་ཐེངས་དང་པ་ བཙུགས་པའི་ལྷག་ལུས་ ཨེསི་ཊ་ཟེ་ནེ་ཀ་༦༠,༠༠༠ དེ་ཅིག་ ཡོདཔ་ཨིན་པས།

ད་རེས་ཁམས་ བློན་ཆེན་གྱིས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ ཌེན་མཱག་གཞུང་གིས་ཡང་ འབྲུག་ལུ་ ཨེསི་ཊ་ཟེ་ནེ་ཀ་༢༥༠,༠༠༠ བྱིན་མི་དེ་བརྩིཝ་ད་ ད་ལྟོ་ཚུན་ ཨེསི་ཊ་ཟེ་ནེ་ཀ་ར་༥༥༠,༠༠༠ ཡོད་ཟེར་ཨིན་པས།

དེའི་གུ་ ད་རེས་ ཡུ་ཨེསི་གིས་ ཕའི་ཟར་༥༠༠,༠༠༠ བྱིན་མི་དང་འཁྲིལ་ འབྲུག་ལུ་ སྨན་ཁབ་ཐེངས་༢ པ་བཙུགས་ནི་ལུ་མ་ལང་པའི་ ཚ་གྱང་མེདཔ་ཨིན་པས།

དེ་བཟུམ་སྦེ་ ཕའི་ཟར་སྨན་ཁབ་དེ་ སྐྱེས་ལོ་༡༢ དང་ ཡན་ཆད་འབད་མི་ ཨ་ལོ་ཚུ་ལུ་ཡང་ བཙུགས་བཏུབ་ནི་ཨིནམ་ད་ ཨ་ལོ་ཚུ་ལུ་ སྨན་ཁབ་ཚུ་ སྨན་ཁབ་ཐེངས་༢ པ་ བཙུགས་པའི་སྐབས་ བཙུགས་ནི་ཨིན་པས།

དེ་བཟུམ་སྦེ་ མོ་ཌར་ན་སྨན་ཁབ་དེ་ཡང་ ཨ་ལོ་སྐྱེས་ལོ་༡༢ དང་ ཡན་ཆད་འབད་མི་ཚུ་ལུ་ བཙུགས་ནིའི་དོན་ལུ་ ཞིབ་འཚོལ་འབད་ཡོདཔ་བཞིན་དུ་ འོས་འབབ་ཡོདཔ་ མཐོང་ཡོདཔ་ལས་ ད་ལྟོ་ ཨེཕི་ཌི་ཨེ་ལས་སྡེ་ལས་ གནང་བ་འཐོབ་ནི་ལུ་ བསྒུག་ཏེ་ཡོདཔ་ཨིན་པས།

ཨིན་རུང་ ད་ལྟོ་ཚུན་ སྨན་ཁབ་ཐེངས་༢ པའི་སྐབས་ སྨན་ཁབ་ཀྱི་རིགས་ ག་དེ་བཙུགས་ནི་ཨིན་ན་ གྲོས་ཐག་མ་གཅད་པར་ ཡོདཔ་ཨིན་པས།

བློན་ཆེན་ཌོག་ཊཪ་ བློ་གྲོས་ཚེ་རིང་གིས་ འདས་པའི་དྲི་བ་དྲིས་ལན་ཅིག་གི་སྐབས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ སྨན་ཁབ་ཐེངས་དང་པ་དེ་ ཨེསི་ཊ་ཟེ་ནེ་ཀ་ བཙུགས་ཡོདཔ་བཞིན་དུ་ ཐེངས་༢ པའི་ནང་ཡང་ སྨན་ཁབ་དེ་ར་ བཙུགས་ནི་ལུ་ དཔའ་བཅམ་དོ་ཡོདཔ་ཨིན་རུང་ རྒྱལ་ཡོངས་སྨན་ཁབ་ཐབས་རིག་ ཁ་བཀོད་སྡེ་ཚན་གྱིས་ སྨན་ཁབ་ཐེངས་༢ པ་དེ་ གཞན་བཙུགས་རུང་ བཏུབ་སྦེ་ སླབ་ཡོདཔ་བཞིན་དུ་ མོ་ཌར་ན་དང་ ཕའི་ཟར་གྱི་གདམ་ཁ་ ཡོདཔ་ཨིན་པས།

ད་ལྟོ་ དར་ཁྱབ་ཐོག་ཡོད་པའི་ ཀོ་རོ་ན་བའེ་རཱསི་གི་རིགས་ ཌེལ་ཊ་དེ་ མགྱོགས་དྲགས་སྦེ་ ཁྱབ་སྤེལ་འགྱོ་དོ་ཡོདཔ་བཞིན་དུ་ མར་ཕབ་རྐྱབ་དགོ་པ་ཅིན་ རྒྱལ་ཁབ་ཀྱི་ མི་འབོར་ལས་ བརྒྱ་ཆ་༨༠ ལུ་ སྨན་ཁབ་བཙུགས་དགོཔ་ཨིན་པས།

ཝའིཊ་ཧའུསི་གི་ བརྡ་བརྒྱུད་དྲུང་ཆེན་དང་འཁྲིལཝ་ད་ ཡུ་ཨེསི་གིས་ ཨིན་ཌོ་ནེ་ཤི་ཡ་ལུ་ སྨན་ཁབ་ས་ཡ་༣ དང་ ནེ་པཱལ་ལུ་ ས་ཡ་༡.༥ བཏང་ཡོདཔ་ཨིན་པས།

སྨན་ཁབ་ཐེངས་༢ པ་དེ་ ཟླཝ་འདི་གི་ བར་མཚམས་ལུ་ བཙུགས་ནི་སྦེ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *