གཡོན་ཁ་ཐུག་ལས་ འབྲུག་སྡེ་ཚན་གྱི་ སློབ་སྟོན་པ་གོངམ་ ཊོར་ཨིསི་ཊཱན་ ཨིསི་པིག་ལར་དང་ པེ་ལི་སི་ཊེན་གྱི་ སློབ་སྟོན་པ་གོངམ་ ཨབ་དཱིལ་ན་སེར་ བྷ་ར་ཀེཊ་༢ དེ་ལས་ སྡེ་ཚན་༢ ཀྱི་འགོ་ཁྲིདཔ་ཚུ།

ད་རིས་ འབྲུག་དང་ པེ་ལིསི་ཊེན་གྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབད་ནི།

༉ སྤྱི་ལོ་༢༠༡༩ གི་ ཨེ་ཨེཕ་སི་ཟེར་ ཨེ་ཤི་ཡཱན་ཀབ་ འགྲན་བསྡུར་ནང་ མཐར་འཁྱོལ་གྱི་དོན་ལུ་ ད་རིས་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ འབྲུག་དང་ པེ་ལི་སི་ཊེན་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབད་ནི་ཨིནམ་ད་ རྩེད་འགྲན་དེ་ཡང་ ཕྱི་རུའི་ཆུ་ཚོད་༦ ལས་ འགོ་བཙུགས་ནི་ཨིན་པས།
སྡེ་ཚན་༢ ཆ་ར་གིས་ སྦྱང་བ་ཚུ་ ལེགས་ཤོམ་འབད་དེ་ རྩེད་འགྲན་གྱི་དོན་ལུ་ གྲ་སྒྲིག་སོང་སྟེ་ཡོདཔ་ལས་ རྒྱལ་ཁ་འཐོབ་ནི་ལུ་ རེ་བ་བསྐྱེདཔ་ཨིན་པས།
དེ་ཡང་ ཁ་ཙ་ རྩེད་འགྲན་གྱི་དོན་ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ འབྲུག་སྡེ་ཚན་གྱི་ སློབ་སྟོན་པ་གོངམ་ ཊོར་ཨིསི་ཊཱན་ ཨིསི་པིག་ལར་གྱིས་ སླབ་མིའི་ནང་ ད་རེས་ཀྱི་ རྩེད་འགྲན་དེ་ ཁག་ཆེཝ་ལས་ སྦྱང་བ་ཚུ་ཡང་ ལེགས་ཤོམ་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྩེད་འགྲན་དེ་ པེ་ལི་སི་ཊེན་སྡེ་ཚན་དང་གཅིག་ཁར་ དོ་འགྲན་ཅན་ཅིག་ འོང་ནི་ཨིན་རུང་ ཁོ་གི་ རྩེད་འགྲན་པ་ཚུ་གིས་འབད་རུང་ རྩ་འགེངས་ཏེ་ རྩེད་འགྲན་འབད་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ པེ་ལི་སི་ཊེན་གྱི་ སློབ་སྟོན་པ་གོངམ་ ཨབ་དཱིལ་ན་སེར་ བྷ་ར་ཀེཊ་གིས་ ད་རེས་ རྩེད་འགྲན་ནང་ལས་ རྒྱལ་ཁ་འཐོབ་ནི་དེ་ ཁག་ཆེཝ་ལས་ རྩེད་འགྲན་པ་ཚུ་གིས་ བག་ལྷད་ཐོག་ལུ་མེན་པར་ དོ་འགྲན་སྒྲིང་སྒྲི་ཐོག་ རྩེད་འགྲན་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
ད་རེས་ཀྱི་ རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་པ་ཅིན་ སྤྱི་ལོ་༢༠༡༩ གི་ ཨེ་ཨེཕ་སི་ ཨེ་ཤི་ཡཱན་ཀབ་ཀྱི་ མཐར་འཁྱོལ་འབྱུང་ནི་གི་ གོ་སྐབས་དུམ་གྲ་ཅིག་ཡོད་ཟེར་ ཨབ་དཱིལ་ན་སེར་ བྷ་ར་ཀེཊ་གིས་ བཤདཔ་ཨིན་པས།
རྩེད་འགྲན་གྱི་དོན་ལུ་ རྒྱལ་ཁབ་ནང་ སྤྱི་ཟླ་༩ པའི་ཚེས་༢ ལུ་ ལྷོད་ཡོད་མི་ པེ་ལི་སི་ཊེན་གྱིས་ མཱལ་ཌིབསི་དང་ ཨོ་མཱན་ལས་ རྒྱལ་ཁ་ཐོབ་ལས་ སྐུགས་༦ ཐོབ་སྟེ་ཡོདཔ་ཨིན་པས།
འབྲུག་སྡེ་ཚན་དེ་ མཱལ་ཌིབསི་སྡེ་ཚན་དང་གཅིག་ཁར་ ལྕང་གླིང་མི་ཐང་ནང་སྦེ་ རྩེད་འགྲན་འབད་བའི་སྐབས་ ཕམ་ཡོདཔ་མ་ཚད་ ཨོ་མཱན་སྡེ་ཚན་གྱིས་ འབྲུག་ལུ་ གཱོལ་༡༤ བཙུགས་ཡོདཔ་ཨིན་པས།
ཧེ་མའི་དྲི་བ་དྲིས་ལན་སྐབས་ ཊོར་ཨིསི་ཊཱན་ ཨིསི་པིག་ལར་གྱིས་ སླབ་མིའི་ནང་ ཨོ་མཱན་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ ཤུགས་སྦེ་ར་ ཕམ་སོཔ་ལས་ ག་དེ་སྦེ་ འཐུས་ཤོར་སོཔ་ཨིན་ན་ ད་ལྟོའི་བར་ན་ཡང་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ པེ་ལི་སི་ཊེན་གྱི་ རྩེད་འགྲན་པ་ཚུ་ གཟུགས་རིངམོ་སྦེ་ཡོདཔ་ལས་ ང་བཅས་ཀྱི་ སྡེ་ཚན་གྱིས་ དེ་དང་འཁྲིལ་ཏེ་ སྦྱང་བ་འབད་ཡི་ཟེར་ ཁོ་གིས་ བཤད་པའི་ཁར་ ད་རེས་ སྡེ་ཚན་ནང་ རྩེད་འགྲན་པ་གསརཔ་༧ བཙུགས་ཏེ་ཡོད་མི་ཚུ་ཡང་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ འབྲུག་དངུལ་ཁང་གི་ རྒྱལ་ཡོངས་ཕུཊ་བཱོལ་ལིག་ནང་ལས་ གདམ་འཐུ་འབད་ཡི་ཟེར་ བཤདཔ་ཨིན་པས།
ད་རེས་ རྒྱལ་སྤྱི་ཕི་ཕའི་གནས་ཚད་ནང་ འབྲུག་གིས་ གནས་རིམ་༡༦༥ པའི་ནང་ ཚུད་དེ་ཡོདཔ་བཞིན་དུ་ པེ་ལི་སི་ཊེན་དེ་ ཨང་༩༣ པའི་ནང་ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྫོང་ཁའི་རྩ་གཞུང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི།

༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ …

Leave a Reply

Your email address will not be published. Required fields are marked *