འབྲུག་གི་རྡོ་རུག་ཚུ་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ན་ར་ཡང་གཱནཇ་གྲུ་ཁང་ནང་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ རྒྱ་གར་ཨ་སམ་དུབ་རི་གྲུ་ཁང་ལས་ གྲུ་ནང་རྡོ་རུག་ཚུ་ འདེགས་པའི་བསྒང་།

ད་རིས་ འབྲུག་གི་རྡོ་རུག་ཚུ་ གྲུ་ཆེན་ཐོག་ལས་ བང་ལ་དེཤ་ལུ་ སྐྱེལ་འདྲེན་འགོ་དང་པ་འབད་ནི།

༉ འབྲུག་ལས་ རྡོ་རུག་མེ་ཊིག་ཊཱན་༡,༠༠༠ དེ་ཅིག་ ད་རིས་ བཱ་ར་མ་པུ་ཏ་ར་གཙང་ཆུའི་ཆུ་ལམ་བརྒྱུད་དེ་ བང་ལ་དེཤ་ལུ་ གྲུ་ལག་ལེན་ཐོག་ལས་ སྐྱེལ་འདྲེན་འབད་ནི་ཨིན་མི་དེ་ འགོ་དང་པ་ཨིན་པས།
རྡོ་རུག་ཚུ་ཡང་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་དུབ་རི་གྲུ་ཁང་ལས་ འབག་འགྱོ་དོ་ཡོདཔ་ལས་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ ན་ར་ཡང་གཱནཇ་གྲུ་ཁང་ནང་ ཉིན་གྲངས་གསུམ་གྱི་ནང་ ལྷོད་ནི་ཨིནམ་ད་ དུབ་རི་གྲུ་ཁང་དེ་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༡༦༠ དེ་ཅིག་གི་ས་ཁར་ཡོདཔ་བཞིན་དུ་ གྲུ་ཁང་དེ་ཡང་ རྒྱ་གར་གྱི་ ནང་འཁོད་ཆུ་ལམ་དབང་འཛིན་གྱི་འོག་ལུ་ཨིན་པས།
ད་རེས་ གྲུ་ནང་སྐྱེལ་འདྲེན་འགོ་དང་པ་འབད་མི་དང་བསྟུན་ ད་ལས་ཕར་ འབྲུག་གི་ཕྱིར་ཚོང་དང་ ནངའདྲེན་པ་ཚུ་གི་དོན་ལུ་ བང་ལ་དེཤ་ལུ་ སྐྱེལ་འདྲེན་འབད་ནིའི་ རྒྱུན་ལམ་ཐེབས་ཅིག་ཨིནམ་ལས་ བྱ་སྟབས་བདེ་ནི་དང་ འཁོར་ལམ་གྱི་ སྐྱེལ་འདྲེན་དང་ཕྱདཔ་ད་ ཆུ་ལམ་གྱི་ ཟད་འགྲོ་དེ་ ལེ་ཤ་གིས་ འཇམ་ནི་ཨིན་པས།
ཆུ་ལམ་ཐོག་ སྐྱཻལ་འདྲེན་འགོ་བཙུགས་ནིའི་དོན་ལུ་ འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་དང་ རྡོ་རུག་འགོ་དང་པ་ ཕྱིར་ཚོང་འཐབ་དོ་ཡོད་མི་ འབྲུག་རྡོ་དང་ ས་གཏེར་ལས་སྡེའི་ཇོ་བདག་ དེ་ལས་ རྒྱ་གར་གྱི་ ནང་འཁོད་ཆུ་ལམ་དབང་འཛིན་དང་ ཀཱོལ་ཀ་ཊ་ལུ་ཡོད་མི་ གྲུ་སྐྱེལ་འདྲེན་ཚོང་སྡེའི་ འགོ་དཔོན་ཚུ་ སྤྱི་ཟླ་༧ པའི་ཚེས་༧ ལུ་ དུབ་རི་གྲུ་ཁང་ནང་ འཛོམས་ཡོདཔ་ཨིན་པས།
འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཚོ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ལས་རིམ་དེ་ ནམ་འགོ་བཙུགས་ཚུགས་འོང་ག་ཟེར་ བསྒུགས་སྡོད་པའི་མཐའ་མར་ ད་རེས་ འགོ་བཙུགས་ཚུགས་མི་དེ་ཡང་ རྒྱ་གར་དང་ བང་ལ་དེཤ་རྒྱལ་ཁབ་༢ ཀྱིས་ དུབ་རི་གྲུ་ཁང་དེ་ དོ་བཙུགས་བཏོན་འབད་ནིའི་དོན་ལུ་ སྒུག་སའི་གྲུ་ཁང་སྦེ་ གསལ་བསྒྲགས་འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
འབྲུག་གཞུང་གིས་ རྒྱ་གར་གཞུང་ལུ་ དུབ་རི་གྲུ་ཁང་དེ་ དོ་འབག་མི་ཚུ་གི་ བརྒྱུད་འགྲུལ་ལམ་སྦེ་ ལག་ལེན་འཐབ་ནིའི་ནང་ རྒྱབ་སྐྱོར་འཚོལ་ཡོདཔ་བཞིན་དུ་ བྱ་སྒོའི་ལག་ལེན་གནས་ཚད་ཅིག་བཟོ་སྟེ་ དུས་ཅི་ སྤྱི་ཟླ་༤ པའི་ཟླ་ཕྱེད་ལུ་ བློན་ཆེན་མཆོག་ ཌ་ཀ་ལུ་ གཞུང་དོན་གཟིགས་སྐོར་ལུ་བྱོནམ་ད་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
དེ་བསྒང་ ཟུང་ཕྱོགས་གནད་དོན་ཚུ་གི་ གན་ཡིག་ཁག་༥ གུ་ མཚན་རྟགས་བཀོད་ཡོད་མིའི་གྲས་ལས་༡ ནང་འཁོད་ཆུ་ལམ་ལག་ལེན་ཚུ་ནང་ མཉམ་འབྲེལ་འབད་ནིའི་སྐོར་ལས་ཨིན་པས།
ནང་འཁོད་ཆུ་ལམ་ཐོག་ སྐྱེལ་འདྲེན་འབད་ནིའི་ འོས་འབབ་བལྟ་ནིའི་དོན་ལུ་ འབྲུག་ཕྱིར་ཚོང་མཐུན་ཚོགས་དང་ ཚོང་འབྲེལ་འགོ་དཔོན་ཚུ་ འཕྲལ་ཁམས་ཅིག་ཁར་ ཆུ་ལམ་དེ་གི་ཐོག་ལས་ ཅིལ་མ་རི་གྲུ་ཁང་དང་ མོང་ལ་གྲུ་ཁང་བརྒྱུད་དེ་ བང་ལ་དེཤ་ལུ་ སོང་ཡོདཔ་ད་ སྡེ་ཚན་དེ་གིས་ ཆུ་ལམ་དེ་ འོས་འབབ་དང་ སྟབས་བདེ་དྲགས་ཡོདཔ་ མཐོང་གསལ་བྱུང་ནུག།
བང་ལ་དེཤ་ལུ་ ནང་འཁོད་ཆུ་ལམ་ཐོག་ སྐྱེལ་འདྲེན་འབད་ནིའི་ རྒྱུན་ལམ་སྒོ་ཕྱེ་མི་དེ་གིས་ ས་ཐོག་སྐྱེལ་འདྲེན་འབད་མི་དང་ཕྱདཔ་ད་ སྐྱེལ་འདྲེན་གྱི་གླ་ཆ་ བརྒྱ་ཆ་༣༠ དེ་ཅིག་ མར་འབབ་འགྱོ་འོང་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དགེ་ལེགས་ཕུག་ལས་ ཨ་སམ་མངའ་སྡེའི་ ཁྲོམ་སྡེ་སྦོམ་ཤོས་༣ པ་ཨིན་མི་ དུབ་རི་ཚུན་ ལམ་ཀི་ལི་མི་ཊར་༡༣༥ དེ་ཅིག་ཡོདཔ་ལས་ དགེ་ལེགས་ཕུག་དང་ ངང་ལམ་ བསམ་གྲུབ་ལྗོངས་མཁར་ཚུ་ལས་ དུབ་རི་ལུ་ གཙང་ཆུའི་རྡོ་ཚུ་ སྐྱེལ་འདྲེན་འབད་ནི་ལུ་ ཟད་འགྲོ་འཇམ་ཏོང་ཏོ་གནས་ནི་དང་ གྲུ་ཁང་དེ་ནང་ རྒྱུ་ཆས་ཚུ་ བཏོན་བཞག་ཞིནམ་ལས་ སྣུམ་འཁོར་ཊཱག་ཚུ་ དེ་ཚེ་ཉིན་མ་ར་ དུབ་རི་ལས་ ལོག་འོང་ཚུགས་ནི་ཨིན་པས།
ད་རེས་ནངས་པར་ ཊཱག་ཚུ་ དགེ་ལེགས་ཕུག་ལས་ བང་ལ་དེཤ་གི་ས་གནས་ ན་ཀུ་གཱོན་ཚུན་ ལམ་ཀི་ལོ་མི་ཊར་༢༨༡ འགྲོ་འགྲུལ་འབད་དགོཔ་མ་ཚད་ ཨ་སམ་དང་ མེ་ག་ལ་མངའ་སྡེ་བརྒྱུད་དེ་ འགྱོ་དགོ་དོ་ཡོདཔ་ཨིན་པས།
དེ་ལས་ ཕུན་ཚོགས་གླིང་དང་ བསམ་རྩེ་ལས་ ཕྱིར་ཚོང་འཐབ་མི་ཚུ་ རྒྱ་གར་དང་ བང་ལ་དེཤ་གི་ས་མཚམས་ ཅང་ག་ར་བཱན་ད་དང་ བུ་རི་མ་རི་ལུ་འགྱོཝ་ད་ ཀི་ལོ་མི་ཊཡ་༡༥༦ འགྲོ་འགྲུལ་འབད་དགོཔ་མ་ཚད་ ཊཱག་ཚུ་ ས་མཚམས་གཞན་ ཕུལ་བ་རི་དང་ བང་ལ་བཱན་ད་ལུ་ ལྷོད་ནིའི་དོན་ལས་ ད་རུང་ ཀི་ལོ་མི་ཊར་༩༧ འགྲོ་འགྲུལ་འབད་དགོཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *