ད་རིས་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་གུ་ འཕྲོ་མཐུད་གསུང་གྲོས་གནང་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་ ལྷག་ཐེངས་༣ པའི་གུ་ གསུང་གྲོས་གནང་པའི་སྐབས་ བརྒྱུད་འབྲེལ་གྱི་འཐུས་དང་ ཡོངས་འབྲེལ་གླ་ཡོན་གྱི་ དོན་ཚན་དེ་ ཕྱིར་དབྱུངས་བཏང་ཡི།
རྒྱལ་ཡོངས་ཚོགས་འདུའི་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གི་ཁྲི་འཛིན་ སྒང་ཟུར་-སྨིན་རྗེ་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱིས་ ཚོགས་ཁང་ནང་ དཔྱད་ཡིག་ཀྱི་ ཞིབ་རྟོག་དང་ གྲོས་འདེབས་ཚུ་ སྙན་ཞུ་འབད་ཡི།
མ་གཞི་ ཚོགས་ཆུང་གིས་ བརྒྱུད་འབྲེལ་གྱི་འཐུས་དང་ ཡོངས་འབྲེལ་གྱི་གླ་ཡོན་དེ་ རང་འཇགས་བཞག་ཡོད་པའི་ཁར་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ ཡོངས་འབྲེལ་གྱི་ གླ་ཡོན་ཟད་འགྲོ་དངུལ་ཀྲམ་༢,༧༥༠ རེའི་ ཐོབ་ལམ་གྱི་ གྲོས་འདེབས་ཕུལ་ནུག།
ཨིན་རུང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཞུ་མིའི་ནང་ ཡོངས་འབྲེལ་གྱི་གླ་ཡོན་ཚུ་ འགན་ཁུར་དང་བསྟུན་ ཐོབ་དོ་ཡོད་རུང་ གླ་ཡོན་དེ་གིས་ གཞུང་དང་ སྒེར་གྱི་ལཱ་ཚུ་ ག་དེམ་ཅིག་ འབད་དོ་ག་ དྭངས་གསལ་མེད་པའི་ཁར་ ཚད་གཞི་ཅིག་མེདཔ་ལས་ སྤྱིར་སྙོམས་སྦེ་ ག་ལུ་ཡང་ མེདཔ་སྦེ་བཞག་རུང་ མ་བཏུབ་མིན་འདུག་ཟེར་ཞུ་ཡི།
ཀུན་དགའ་དཔལ་འབྱོར་གྱིས་ ཞུ་མིའི་ནང་ ཧེ་མར་ བསྐྱར་ཞིབ་ཀྱི་ གསུང་གྲོས་གནང་པའི་སྐབས་ ཡོངས་འབྲེལ་གླ་ཡོན་དང་ བརྒྱུད་འབྲེལ་འཐུས་དེ་ ཡོངས་རྫོགས་བཏོན་གཏང་ནི་སྦེ་ ཐག་བཅད་ཡོདཔ་ད་ འཐུས་ཚུ་རྩིས་ཕབ་ལྟཝ་ད་ ལོ་བསྟར་ དངུལ་ཀྲམ་ས་ཡ་༢ ལྷགཔ་རེ་ གནསཔ་མས་ཟེར་ཞུ་ཡི།
ད་རེས་ ཡོངས་འབྲེལ་གྱི་གླ་ཡོན་ཚུ་ཡང་ བློན་ཆེན་དང་ ལྷན་རྒྱས་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ ཚོགས་འདུའི་ཚོགས་དཔོན་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་དང་ རྩོད་དཔོན་ཡོངས་ཁྱབ་ཚུ་གིས་ ཐོབ་དོ་ཡོདཔ་ཨིན་པས།
མངོན་མཐོའི་ཁྲིམས་འདུན་གྱི་ཁྲིམས་སྤྱི་དང་ སྐུ་སྒེར་ལྷན་ཚོགས་ཀྱི་ཁྲི་འཛིན་ལུ་ རང་སོའི་སྡོད་ཁྱིམ་ནང་ ཡོངས་འབྲེལ་གྱི་གླ་ཡོན་ དངུལ་ཀྲམ་༢,༧༥༠ ཚུད་པའི་ བརྒྱུད་འབྲེལ་གྱི་འཐུས་ དངུལ་ཀྲམ་༧,༧༥༠ རེའི་ཐོབ་ལམ་ཡོདཔ་ཨིན་པས།
བརྒྱུད་འབྲེལ་གྱི་འཐུས་ཐད་ཀར་ བློན་ཆེན་ལུ་ བརྒྱུད་འབྲེལ་གྱི་ ཟད་འགྲོ་ངོ་མའི་ ཐོབ་ལམ་ཡོད་པའི་ཁར་ རྫོང་རབ་དང་ དྲུང་པ་ དྲང་དཔོན་རབ་འབྱམས་ཚུ་ལུ་ བརྒྱུད་འབྲེལ་གྱི་འཐུས་ ཟླ་རིམ་དངུལ་ཀྲམ་༥༠༠ རེའི་ ཐོབ་ལམ་ཡོདཔ་ཨིན་པས།
དེ་མ་ཚད་ བློན་ཆེན་གྱི་ དྲུང་ཆེན་གཙོ་འཛིན་དང་ བརྒྱུད་འབྲེལ་མཁས་མཆོག་ སྐུ་སྒེར་དྲུང་ཆེན་ སྐུ་སྒེར་ལས་རོགས་ཚུ་ལུ་ བརྒྱུད་འབྲེལ་གྱི་འཐུས་ ཟླ་རིམ་དངུལ་ཀྲམ་༡,༥༠༠ རེ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་ དེ་ཚུ་དང་དོ་མཉམ་པའི་ གོ་གནས་འཆང་མི་ཚུ་གི་ སྐུ་སྒེར་དྲུང་ཆེན་དང་ སྐུ་སྒེར་ལས་རོགས་ཚུ་ལུ་ བརྒྱུད་འབྲེལ་གྱི་འཐུས་ ཟླ་རིམ་དངུལ་ཀྲམ་༡,༠༠༠ རེའི་ ཐོབ་ལམ་ཡོདཔ་ཨིན་པས།
ཀུན་དགའ་དཔལ་འབྱོར་གྱིས་ ཞུ་མིའི་ནང་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མ་ བསྐྱར་ཞིབ་དེ་ སྤྱི་ཚོགས་ཀྱི་ཁྲིམས་ཀྱི་ཟིན་བྲིས་ལག་དེབ་ནང་ བསྒྱུར་བཅོས་འགྱོ་བའི་སྐབས་ ཧེ་མ་ཐོབ་སྟེ་ཡོད་མི་ དངུལ་ཕོགས་ཚུ་ མེདཔ་འགྱོ་བ་ཅིན་དང་ སྟབས་མ་བདེཝ་ཐོན་པ་ཅིན་ ཉེན་སྲུང་འབད་དགོཔ་སྦེ་ གསལ་བཀོད་འབད་དེ་ཡོད་མི་ལུ་ གཞི་བཞག་སྟེ་ འབད་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ དངུལ་ཕོགས་བསྐྱར་ཞིབ་འབདཝ་ད་ དཔྱད་ཡིག་གི་ དོན་ཚན་༣༢ རང་འཇགས་སྦེ་ བཞག་སྟེ་ཡོད་པའི་ཁར་ དོན་ཚན་༥༤ དུམ་གྲ་རེ་ ལེགས་བཅོས་འབད་ཡོདཔ་བཞིན་དུ་ དོན་ཚན་༨ ཕྱིར་དབྱུངས་འབད་ཡོདཔ་སྦེ་ ཚོགས་ཆུང་གིས་ ཤེས་རྟོགས་བྱུང་ཡི་ཟེར་ ཀུན་དགའ་དཔལ་འབྱོར་གྱིས་ ཞུ་ཡི།
ཨིན་རུང་ དཔྱད་ཡིག་གི་ ཕྱིར་དབྱུངས་འབད་མི་དེ་ དོན་ཚན་ཚུ་ ལོག་བསྐྱར་ཞིབ་འབད་བའི་ཤུལ་ལས་ དོན་ཚན་༦ ལོག་བཙུགས་ཡོདཔ་མ་ཚད་ དོན་ཚན་༢ གསརཔ་བཙུགས་ཏེ་ ཡོད་ཟེར་ཞུ་ཡི།
ཀུན་དགའ་དཔལ་འབྱོར་གྱིས་ ཞུ་མིའི་ནང་ དཔྱད་ཡིག་གི་ གཞི་རྩ་དེ་ དྭངས་གསལ་ཅན་གྱི་ དངུལ་ཕོགས་སྦེ་ བཟོ་སྟེ་ཡོད་མི་ཐད་ཀར་ ཚོགས་ཆུང་གིས་ རྒྱལ་ཁབ་ག་ཏེ་ལུ་ར་ དྭངས་གསལ་ཅན་གྱི་ དངུལ་ཕོགས་ཡོདཔ་ག་ ལྟ་བའི་སྐབས་ སིངྒ་པུར་ལུ་འདུག་ཟེར་ཨིན་པས།
དེ་ལུ་བལྟ་བ་ཅིན་ བརྒྱ་ཆ་༨༠ བསྒྱུར་མེད་དངུལ་ཕོགས་དང་ བརྒྱ་ཆ་༢༠ བསྒྱུར་བཅོས་འགྱོ་ཚུགས་པའི་ དངུལ་ཕོགས་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ ཁྲི་འཛིན་གྱིས་ཞུ་ཡི།
ཨིན་རུང་ དཔྱད་ཡིག་གི་གཞི་སྒྱུར་ནང་ བསྒྱུར་བཅོས་འགྱོ་ཚུགས་པའི་དངུལ་ཕོགས་དེ་ དམའ་ཤོས་བརྒྱ་ཆ་༩ དང་ མཐོ་ཤོས་༤༡ ཚུན་ཡོདཔ་ལས་ དེ་ཚུ་གི་བར་ན་ ཁྱད་པར་སྦོམ་སྦེ་ར་ ཆགས་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
ང་བཅས་རའི་ རྒྱལ་ཁབ་ལུ་ཡང་ སིངྒ་པུར་བཟུམ་སྦེ་ བཞག་པ་ཅིན་ མ་འོངས་པ་ལུ་ སྟབས་བདེ་ནི་བཟུམ་མཐོང་ཡོདཔ་ད་ ད་རེས་ དེ་བཟུམ་འབད་ནི་ལུ་ གཞི་སྒྱུར་དང་ འཕོ་སྒྱུར་གཅིག་ཁར་ འོས་འབབ་མེད་པའི་ཁར་ ལཱ་ཁག་གཏང་ནི་ཨིནམ་ལས་ ཨིན་རུང་ འཆར་གཞི་༡༣ པ་ དངུལ་ཕོགས་བསྐྱར་བཟོ་འབད་བའི་སྐབས་ ལམ་ལུགས་སེམས་ཁར་ བཞག་དགོ་འདུག་ཟེར་ ཀུན་དགའ་དཔལ་འབྱོར་གྱིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ དཔྱད་ཡིག་བསྐྱར་ཞིབ་འབད་བའི་སྐབས་ འབྲེལ་ཡོད་ལས་སྡེ་ མང་རབས་ཅིག་དང་ འབྲེལ་བ་འཐབ་པའི་སྐབས་ འོང་འབབ་དང་ཅ་དམ་ནང་ དངུལ་ཕོགས་གཞི་སྒྱུར་དང་ སྒྲིག་བཀོད་འབད་བའི་སྐབས་ དུམ་གྲ་ཅིག་ ཁྲལ་ཡར་སེང་སོང་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ཞུ་ཡི།
ལོ་མཇུག་བསྡུ་བའི་སྐབས་ ཁྲལ་བཏབ་དགོཔ་ལེ་ཤ་འཐོནམ་ད་ ཟླ་རིམ་གྱི་དངུལ་ཕོགས་ མར་འབབ་མི་འགྱོ་ག་ཟེར་བའི་ ཚ་གྱང་ལང་དགོཔ་བྱུང་ཡི་ཟེར་ཨིན་པས།
ཚོགས་ཆུང་གི་ཁྲིན་འཛིན་གྱིས་ ཞུ་མིའི་ནང་ དངུལ་ཕོགས་གཞི་སྒྱུར་འབད་བའི་སྐབས་ འོང་འབབ་དང་ཅ་དམ་ལས་ཁུངས་དང་གཅིག་ཁར་ གྲོས་བསྟུན་མ་འབདཝ་བཟུམ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ལས་ འོང་འབབ་ཀྱི་ ཁྲལ་ཚུ་ཡར་སེར་མར་ཕབ་ ག་དེ་སྦེ་ འགྱོ་འོང་གའི་ ཤེས་རྟོགས་འབྱུང་མ་ཚུགས་ཟེར་ཨིན་པས།
ཚོགས་ཆུང་གིས་ སྤྱི་ཚོགས་འཐུས་མི་ཚུ་ལུ་ དེད་གཡོག་པའི་འཐུས་དང་ སྣུམ་དང་རྒྱུན་སྐྱོང་གི་འཐུས་ཀྱི་ མེདཔ་བཟོ་ནི་ལུ་ གྲོས་འདེབས་ཕུལ་ཏེ་ཡོདཔ་ད་ ད་རེས་ འཐུས་མི་ཚུ་གིས་ ཟླ་རིམ་བཞིན་དུ་ དེད་གཡོག་པའི་འཐུས་དང་ སྣུམ་དང་རྒྱུན་སྐྱོང་གི་འཐུས་བསྡོམས་ཏེ་ དངུལ་ཀྲམ་༢༠,༠༠༠ དེ་རེ་ ཐོབ་དོ་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ ཁྲིམས་བཟོ་དང་ བྱ་རིམ་སྡེ་ཚན་དང་ སྤྱི་ཚོགས་ཀྱི་དྲུང་ཆེན་ཡིག་ཚང་གཉིས་ཀྱི་ནང་ གནས་ཏེ་ཡོད་པའི་ སྤྱིར་བཏང་ལས་གཡོག་ དེ་ལས་ འཆར་གཞི་འཆར་དངུལ་དང་ གྲུབ་འབྲས་ལས་ཁུངས་ཀྱི་ ཡིག་ཚང་ཚུ་གིས་ དུས་ཐེབས་ཀྱི་འཐུས་ བྱིན་དགོཔ་སྦེ་ དཔྱད་ཡིག་ནང་ དོན་ཚན་གསརཔ་སྦེ་ བཙུགས་ཏེ་ཡོདཔ་ཨིན་པས།
ཡིག་ཚང་ལྟེ་བ་ལས་ སྐུ་ཚབ་ཡིག་ཚང་ལུ་དང་ སྐུ་ཚབ་ཡིག་ཚང་ལས་ ཡིག་ཚང་ལྟེ་བ་ལུ་ དེ་ལས་ སྐུ་ཚབ་ཡིག་ཚང་ཅིག་ལས་ སྐུ་ཚབ་ཡིག་ཚང་གཞན་ཅིག་ལུ་ གནས་སོར་གྱི་སྐབས་ འོས་འབབ་ལྡན་པའི་ ཀེ་ཇི་༢༥༠ གི་ དོས་ཆ་ངོ་མའི་འཐུས་ཀྱི་ ཐོབ་ལམ་སྤྲོད་དགོཔ་སྦེ་ ཚོགས་ཆུང་གིས་ གྲོས་འདེབས་ཕུལ་ནུག།
ད་རིས་ དཔྱད་ཡིག་གུ་ འཕྲོ་མཐུད་དེ་ གསུང་གྲོས་གནང་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *