བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་ བང་ལ་དེཤ་གི་བློན་ཆེན་ ཤེག་ཧ་སི་ན་གི་ ཡིག་ཚང་ནང་ བྱོན་པའི་བསྒང་།

ད་རིས་ལས་ རྒྱལ་ཡོངས་ནང་ ནད་ཡམས་ཀོ་བིཌ་-༡༩ འི་སྨན་ཁབ་ འགོ་བཙུགས་ནི།

༉ ད་རིས་ དྲོ་པའི་ཆུ་ཚོད་༩ དང་ སྐར་མ་༣༠ ལུ་ ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་ནང་སྦེ་ སྐྱེས་ལོ་༣༠ ལང་མི་ ཨམ་སྲུ་སྤྲེལ་ལོ་མ་ ཉི་ཟླ་སྒྲོལ་མ་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་པའི་ཤུལ་ལས་ ད་རེས་ ཟུར་བཞག་ནང་ བཞུགས་ཏེ་ཡོད་མི་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་ལུ་བཙུགས་ཏེ་ རྒྱལ་ཡོངས་སྨན་ཁབ་ལས་རིམ་ འགོ་བཙུགས་ནི་ཨིན་པས།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ བདུན་ཕྲག་རིང་འབད་མི་ རྒྱལ་ཡོངས་སྨན་བཙུགས་ལས་རིམ་དེ་ རྒྱལ་རབས་ནང་ཚུད་ཡོདཔ་ལས་ གྲུབ་འབྲས་ལེགས་འཐོན་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

སྨན་ཁབ་དེ་ རང་རྐྱངམ་གཅིག་གི་དོན་ལུ་མེན་པར་ ཕམ་སྤུན་ཆ་དང་ གཉེན་ཉེ་འཁོར་ མི་སྡེ་ དེ་ལས་ རྒྱལ་ཁབ་ཀྱི་ མི་མང་ཡོངས་ཀྱི་མཐའ་དོན་ལུ་ཨིནམ་ལས་ བློ་གཏད་ཡིད་ཆེས་ཐོག་ལས་ སྨན་ཁབ་བཙུགས་པར་ འོང་དགོཔ་ཁག་ཆེ་ཟེར་ བློན་པོ་གིས་ དྲན་གསལ་འབད་ཡི།

ལྷན་ཁག་གིས་ སྨན་ཁབ་བཙུགས་མི་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ ངོས་འཛིན་འབད་མི་ ས་ཁོངས་ཚུ་ནང་ སྨན་བཅོས་མཁས་མཆོག་ ཌོག་ཊར་དང་ སྨན་གཡོགམོ་ཚུ་ ལངམ་སྦེ་བཙུགས་ཏེ་ཡོད་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།

གསོ་བ་ལྷན་ཁག་གིས་ སྨན་ཁབ་བཙུགས་སའི་ས་ཁོངས་༡,༢༠༠ ངོས་འཛིན་འབད་ཡོདཔ་བཞིན་དུ་ སྡེ་ཚན་༤༣༠ བགོ་བཤའ་རྐྱབ་མི་ཚུ་ནང་ ཌོག་ཊར་རེ་ཡོདཔ་ད་ སྨན་ཁབ་བཙུགས་སའི་ ས་ཁོངས་ནང་ཚུད་མི་ སློབ་གྲྭ་དང་ ཨ་ལོ་གཅེས་སྐྱོང་ལྟེ་བ་༣༦༣ དེ་ཅིག་ ཡོདཔ་ཨིན་པས།

གསོ་བ་ལྷན་ཁག་ལས་ གསར་བཏོན་འབད་མི་ སྨན་བཙུགས་བྱ་རིམ་དང་འཁྲིལཝ་ད་ སྨན་ཁབ་བཙུགས་སའི་ ས་ཁོངས་ནང་ལྷོདཔ་ད་ བདེ་སྲུངཔ་ཚུ་གིས་ ཐོ་བཀོད་འབད་ཞིནམ་ལས་ སྨན་ཁབ་བཙུགས་མི་ཚུ་ གྱལ་བསྒྲིག་སྟེ་ སྨན་གཡོགམོ་འབད་སར་ བརྟག་དཔྱད་འབད་དགོཔ་ད་ སྨན་ཁབ་མི་བཙུགས་ཟེར་མི་ཚུ་ བདེ་སྲུངཔ་ཚུ་གིས་ ཐོ་བཀོད་འབད་དེ་ སྨན་གཡོགམོ་འབད་སར་ འགྱོ་དགོཔ་ཨིན་པས།

བརྟག་དཔྱད་འབད་བའི་སྐབས་ སྨན་ཁབ་བཙུགས་ནིའི་ ཁྱད་ཚད་ལྡན་མི་ཚུ་ བཙུགས་ནི་ཨིན་ཟེར་ ངོ་རྟགས་བཀལ་ཏེ་ སྨན་ཁབ་བཙུགས་སའི་ ཁང་མིག་ནང་གཏང་ནི་ཨིནམ་ད་ འོས་འབབ་མེད་མི་ཚུ་ སྨན་གཡོགམོ་ཚུ་གིས་ ལམ་སྟོན་བྱིན་ཏེ་ ཕྱི་ཁར་གཏང་ནི་ཨིན་པས།

སྨན་གཡོགམོ་ཚུ་གིས་ སྨན་ཁབ་བཙུགས་ནི་དང་ བདེ་སྲུངཔ་གིས་ དུས་ཚོད་ཐོ་བཀོད་འབད་དེ་ ལགཔ་གཡོནམ་ལུ་ རྟགས་བཀལ་ཞིནམ་ལས་ ལྟ་རྟོག་ཁང་ནང་ དུས་ཡུན་སྐར་མ་༣༠ གི་རིང་ སྡོད་དགོཔ་ཨིནམ་ད་ དེ་ཁར་ སྨན་གཡོགཔ་དང་ ཡང་ཅིན་ སྨན་གཡོགམོ་ཚུ་ སྡོད་ནི་ཨིན་པས།

དེ་གི་ཤུལ་ལས་ ཕྱི་ཁར་འཐོན་འགྱོཝ་ད་ ལམ་སྟོན་དང་ གོ་བརྡ་བྱིན་མི་ བདེ་སྲུངཔ་ཚུ་ཡོད་ཟེར་ གསོ་བའི་བྱ་རིམ་ནང་ འཁོད་དེ་འདུག།

སྨན་ཁབ་བཙུགས་ཞིནམ་ལས་ སྐར་མ་༣༠ ཚུན་ ལྟ་རྟོག་འབད་ནིའི་དོན་ལུ་ སྒུག་སྡོད་དགོཔ་ད་ གལ་སྲིད་ གནད་སྐྱོན་རེ་འབྱུང་པ་ཅིན་ དེ་འཕྲོ་ལས་ དེ་ཁའི་སྨན་བཅོས་མཁས་མཆོག་ ཌོག་ཊར་ལུ་ སྙན་ཞུ་འབད་དགོ་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།

ཞོར་ཁ་གནོད་སྐྱོན་བྱུང་མི་ཚུ་ཡང་ དྲོད་འབར་ནི་དང་ སྨན་ཁབ་བཙུགས་སའི་ས་ཁོངས་ནང་ ན་ནི་ ཁམས་ཕོག་ལ་སོགས་པ་ཚུ་བྱུང་མི་དེ་ རང་བཞིན་ཨིན་རུང་ ཌོག་ཊར་ལུ་ སྙན་ཞུ་འབད་དགོཔ་གལ་ཆེ་ཟེར་ཨིན་པས།

ཨིན་རུང་ ཨ་ལོ་ཆགས་མི་དང་ ཨོམ་བྱིན་མི་ཨམ་སྲུ་ཚུ་གིས་ སྨན་ཁབ་བཙུགས་ནིའི་ དང་འདོད་ཡོད་པ་ཅིན་ རང་སོའི་ས་ཁོངས་ཚུ་ལས་ སྨན་ཁབ་འཐོབ་ཚུགས་ནི་དང་ སྐྱེས་ལོ་༧༠ ཡན་ཆད་འབད་མི་༨,༩༠༠ ཚུ་ལུ་ཡང་ སྨན་བཅོས་ས་ཁོངས་ནང་ལས་ སྨན་ཁབ་བཙུགས་ནི་དང་ བཤད་གྲྭ་དང་ སློབ་ཕྲུག་ མཐོ་རིམ་སློབ་ཕྲུག་ དེ་ལས་ སྤེལ་ཁང་ཚུ་ནང་ སྦྱོང་བརྡར་འབད་མི་ཚུ་ལུ་ཡང་ རྒྱལ་ཡོངས་སྨན་ཁབ་ལས་རིམ་མཇུག་བསྡུ་ཞིནམ་ལས་ ཞབས་ཏོག་སྤྱོད་ཚུགསཔ་ཨིན་ཟེར་ཨིན་པས།

སྨན་ཁབ་བཙུགས་ནིའི་དོན་ལུ་ ངོས་འཛིན་འབད་མི་ སློབ་གྲྭ་ཚུ་མ་གཏོགས་ གཞན་སློབ་གྲྭ་དང་ ཡིག་ཚང་ཚུ་ ཨ་རྟག་ག་ཨིནམ་སྦེ་ ལཱ་འབད་དགོཔ་ཨིན་ཟེར་ འདས་པའི་དྲི་ལན་སྐབས་ བློན་པོ་གིས་བཤདཔ་ཨིན་པས།

གལ་སྲིད་ ཡིག་ཚང་ནང་འགྱོ་མི་ ལས་བྱེདཔ་ཚུ་གིས་ བདུན་ཕྲག་ངལ་གསོ་ནང་མེན་པར་ ཡིག་ཚང་གི་དུས་ཚོད་ལུ་ སྨན་ཁབ་བཙུགས་ནིའི་ དང་འདོད་བསྐྱེད་པ་ཅིན་ ཡིག་ཚང་ནང་ལས་ སྨན་ཁབ་བཙུགས་པར་ འོང་ཆོག་ཟེར་ཨིན་པས།

ཡོངས་འབྲེལ་ཐོག་ ཐོ་བཀོད་འབད་མ་ཚུགས་མི་ཚུ་གིས་ སྨན་ཁབ་བཙུགས་སའི་ས་ཁོངས་ནང་ ཐོ་བཀོད་འབད་ཚུགས་པའི་ཁར་ རང་སོའི་ ངོ་སྤྲོད་ལག་ཁྱེར་ཚུ་ འབག་དགོཔ་ཨིན་པས།

བདུན་ཕྲག་རིང་ སྨན་ཁབ་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ རྫོང་ཁག་ཚུ་ནང་ འགྲོ་འགྲུལ་འབད་མ་ཆོགཔ་ཨིན་རུང་ སྨན་ཁབ་བཙུགས་ཡོད་པའི་ ངོས་འཛིན་རྟགས་བཀལ་ཡོད་པ་ཅིན་ འགྲོ་འགྲུལ་འབད་ཆོག་ཟེར་ཨིན་པས།

བློན་ཆེན་ཡིག་ཚང་གི་ སྙན་ཞུ་དང་འཁྲིལཝ་ད་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ གཞུང་རྩིས་དང་འཁྲིལ་ ཨམ་སྲུ་སྤྲེལ་ལོམ་ཅིག་ལུ་ སྨན་ཁབ་འགོ་དང་པ་ བཙུགས་པའི་ཤུལ་ལས་ ཨང་༢ པ་བཙུགས་མི་ ཁོ་ར་ཨིནམ་ལས་ ད་རིས་ ཕྱི་རུའི་ཆུ་ཚོད་༦ གི་ཤུལ་ལས་ འབྲུག་རྒྱང་བསྒྲགས་དངོས་མཐོང་སྦེ་ ཉམས་མྱོང་དང་ ཚོར་སྣང་ཚུ་ མི་མང་ལུ་ གསལ་ཞུ་འབད་ནི་ཟེར་ཨིན་པས།

བློན་ཆེན་གྱིས་ བཀོད་མིའི་ནང་ འབྲུག་ལུ་ འགོ་དང་པ་ སྨན་ཁབ་ལས་རིམ་ གཞི་བཙུགས་འབད་དེ་ ད་ལྟོ་ཚུན་ སྨན་ཁབ་༡༣ གཞི་བཙུགས་འབད་མི་ཚུ་ཡང་ སྨན་བཅོས་ཀྱི་དོན་ལུ་ ཞབས་ཏོག་ཞུ་ནུག་ཟེར་ཨིནམ་ད་ དེ་ཡང་ དཔྱེ་འབད་བ་ཅིན་ རྩ་སྐམ་ནད་དང་ བད་ཀན་ནད་ དམར་ཅནམ་ རྩ་སྐུམ་ནད་ཚུ་གི་དོན་ལུ་ ལག་ལེན་འཐབ་མི་ཚུ་ཡང་ གྲུབ་འབྲས་མཐར་འཁྱོལ་ཅན་སྦེ་ བྱུང་ནུག་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༡ པའི་ནང་ རྒྱ་གར་ལས་ ཀོ་བི་ཤེལཌ་སྨན་ཁབ་ཐོབ་མི་ འགོ་དང་པ་ འབྲུག་རྒྱལ་ཁབ་ཨིནམ་ད་ སྨན་ཁབ་ས་ཡ་༡.༢ མཁོ་འདོད་བསྐྱེད་མི་དེ་ཡང་ རྒྱ་གཞུང་གིས་ གནང་ནི་ཨིནམ་སྦེ་ ཁས་ལེན་འབད་ཡི་ཟེར་ འདས་པའི་སྙན་ཞུ་ནང་ གསལ་བཀོད་འབད་ནུག།

དུ་ཅི་གི་ ལོའི་སྔ་ཆ་ལུ་ ཤོ་ཐེངས་དང་པའི་ནང་ སྨན་ཁབ་ཀོ་བི་ཤིལཌ་༡༥༠,༠༠༠ ལྷོད་ཡོདཔ་བཞིན་དུ་ ཤོ་ཐེངས་༢ པ་ ལྷོད་མི་དེ་བརྩིསཝ་ད་ སྨན་ཁབ་བསྡོམས་༥༥༠,༠༠༠ རྒྱ་གར་གཞུང་ལས་ གསོལ་རས་སྦེ་ ཐོབ་ཡོདཔ་ཨིན།

ཐིམ་ཕུག་ལུ་ སྨན་ཁབ་བཙུགས་སའི་ ས་ཁོངས་༢༩ ངོས་འཛིན་འབད་ཡོདཔ་ད་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༧ དང་ སྐར་མ་༣༠ ཚུན་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་ནིའི་དོན་ལུ་ མི་གྲངས་༥༡༢,༩༠༥ གིས་ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *