ད་རིས་ལས་ འགྲོ་འགྲུལ་བཀག་དམ་ ལྷོད་ཡངས་གཏངམ་ད་ དྲནམ་བཏོན་དགོ་ནི།

༉ ད་རིས་ལས་འགོ་བཙུགས་ ཐིམ་ཕུག་དང་ སྤ་རོ་མ་གཏོགས་ རྫོང་ཁག་གཞན་ཚུ་ནང་ འགྲོ་འགྲུལ་བཀག་དམ་ ལྷོད་ཡངས་གཏང་ནི་ཨིནམ་ལས་ གསོ་བའི་བློན་པོ་གིས་འབད་བ་ཅིན་ མི་ཚུ་སག་ལང་ནི་མེན་པར་ དྲནམ་བཏོན་དགོ་ཟེར་བཤད་ཅི།

བློན་པོ་གིས་ ཐིམ་ཕུག་དང་ སྤ་རོ་ལས་ ནད་འབུབ་ཐོབ་མི་ མངམ་ཐོན་ཡོདཔ་ལས་ མི་ཚུ་གིས་ གསོ་བའི་སྒྲིག་གཞི་ཚུ་དང་འཁྲིལ་ ཁ་རས་ལག་ལེན་འཐབ་ནི་དང་ ལགཔ་ཆུ་འཁྱུ་ནི་ དེ་ལས་ མི་འཛོམས་སར་ འཛེམ་ཐབས་འབད་དགོ་ཟེར་ཨིན་པས།

གསོ་བ་བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ སྨན་ཁབ་མ་ལྷོད་ཚུན་ ས་སྟོང་བཞག་ནི་དང་ ཁ་རས་ལག་ལེན་འཐབ་ནི་ ལགཔ་ཆུ་འཁྱུ་ནི་ཚུ་ འབད་བཞིན་དུ་ སྡོད་དགོ་ཟེར་ཨིནམ་ད་ སྨན་ཁབ་ལྷོད་དེ་འབད་རུང་ དེ་གིས་ ནམ་ཚུན་ལོག་སྟེ་ ཁབ་མ་བཙུགས་པར་ སྡོད་དགོཔ་ཨིན་ན་དང་ ཁབ་ཚར་གཅིག་ བཙུགས་པའི་ཤུལ་ལས་ ལོག་བཙུགས་མ་དགོཔ་ཨིན་ནའི་སྐོར་ལས་ ཚན་རིག་པ་ཚུ་གིས་ བལྟ་མ་ཚུགས་པར་ཡོདཔ་ལས་ ད་ལྟོ་ གློ་བུར་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་དགོ་པའི་དོན་ལུ་ བཀྲམ་སྤེལ་འབད་དེ་འདུག་ཟེར་བཤད་ཅི།

སྨན་ཁབ་དེ་ ལྷོད་པའི་སྐབས་ ག་ལུ་བྱིན་ནི་ཨིན་ན་དང་ ནམ་བྱིན་ནི་ཨིན་ན་ཚུ་གི་སྐོར་ལས་ ལྷན་ཁག་གིས་ ཟླཝ་༦ གི་ ཧེ་མ་ལས་ གྲ་སྒྲིག་འབད་ཚར་ཏེ་ཡོདཔ་ཨིན་པས།

ནད་འབུབ་འཐོན་ས།

བློན་པོ་གིས་ ན་ཧིང་ ཕུན་ཚོགས་གླིང་ལས་ ནད་འབུབ་ཐོབ་མི་ འགོ་དང་པ་ ཐོན་པའི་ཤུལ་ལས་ ད་ལྟོ་ཚུན་གྱི་བར་ན་ ག་ཏེ་ལས་ ཐོན་ཡོདཔ་ཨིན་ན་ ངེས་ཏིག་སྦེ་ སླབ་མི་ཚུགས་ནི་ཨིན་རུང་ རྒྱལ་ཁབ་ནང་ ས་མཚམས་ས་གོ་ཚུ་དང་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་བརྒྱུད་དེ་ ས་ཁོངས་དེ་གཉིས་ནང་ལས་རྐྱངམ་གཅིག་ འོང་སྲིད་པའི་ལམ་ཨིན་ཟེར་བཤད་ཅི།

ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ ཐིམ་ཕུག་ལས་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་ཅིག་ འགོ་དང་པ་ བདའ་ཟུན་པའི་སྐབས་ ལྷོ་མཚམས་ཀྱི་ ས་མཚམས་ཚུ་ནང་ལས་ མ་ཐོན་ག་ཟེར་བའི་ དོགས་པ་ཡོདཔ་ལས་ མི་སྟོང་ཕྲག་ལས་བཅད་དེ བརྟག་དཔྱད་འབདཝ་ད་ཡོདཔ་སྦེ་ བདའ་མ་ཟུན་ཟེར་ཨིན་པས།

ནད་གཞི་འོང་སྲིད་པའི་ ལམ་གཉིས་པ་དེ་ སྤ་རོ་གནམ་ཐང་ལས་ཨིནམ་ལས་ དེ་ཁར་ལས་ མི་སྤེལ་ག་ཟེར་བའི་ དོགས་པ་ཆགས་དོ་ཡོདཔ་ཨིན་པས།

སྤ་རོ་གནམ་ཐང་དེ་ནང་ ཧེ་མ་ལས་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ སྒྲིག་གཞི་ཚུ་ཡོད་རུང་ མ་འོངས་པའི་དོན་ལུ་ ད་རུང་ ཚོགས་ཆུང་གིས་ སྒྲིག་གཞི་ཚུ་ ལེགས་བཅོས་འབད་དགོ་པའི་ འཆར་གཞི་ཚུ་ བཟོ་སྟེ་ཡོད་ཟེར་ཨིན་པས།

གསོ་བ་བློན་པོ་གིས་ ཁ་ཙ་ དུས་མཐུན་སྙན་ཞུ་འབད་བའི་སྐབས་ཡང་ དར་ཁྱབ་ག་དེ་སྦེ་ སོང་ཡོདཔ་ཨིན་ན་ ངེས་ཏིག་སྦེ་ སླབ་མ་ཚུགས་རུང་ ད་ཚུན་ བདའ་ཟུན་མི་ཚུ་གི་ རྒྱལ་རབས་བརྟག་དཔྱད་འབད་བའི་ ན་ཧིང་ སྤྱི་ཟླ་༡༡ པའི་ ཟླ་མཇུག་དང་ སྤྱི་ཟླ་༡༢ པའི་སྔ་ཆ་ནང་ མི་ངོམ་དེ་ལུ་ ནད་འབུབ་དེ་ ཐོབ་པའི་ཤུལ་ལས་ སྤ་རོ་ལས་སྦེ་ ཐིམ་ཕུག་བདེ་ཆེན་ཆོས་གླིང་གི་ གདངས་རས་ནང་ལུ་ དར་ཁྱབ་སོང་སྟེ་ དེ་ཁ་ལས་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་ལས་ ཧེང་སྐལ་ར་ དར་ཁྱབ་སོང་ཡོདཔ་བཟུམ་ཅིག་འདུག་ཟེར་ གསོ་བ་བློན་པོ་གིས་ བཤདཔ་ཨིན་པས།

དེ་ཡང་ གདངས་རས་ནང་ལས་ ཐིམ་ཁྲོམ་གྱི་ ནོར་འཛིན་ལམ་འོག་ལུ་སྤེལ་ཏེ་ དེ་ཁ་ལས་ གཏེར་མ་གླིང་ཀའི་ས་ཁོངས་དང་ ཨོ་ལ་ཁ་ དེ་ལས་སྦེ་ སྡེཔ་སྲིད་ཀྱི་ ས་ཁོངས་ནང་ ལྷོད་ནུག་ཟེར་ཨིན་པས།

སྤ་རོ་ཤར་པ་ལས་སྤེལ་མི་དེ་གིས་ ས་གནས་དེ་ནང་ མི་སྟོབས་ལེ་ཤ་མེད་པའི་ཁར་ མི་འཛོམས་ནི་དེ་ཡང་ ཉུང་སུ་ལས་ འབད་ནི་མེདཔ་ལས་ ཁྱབ་སྤེལ་དེ་ཅིག་ར་ འགྱོ་མ་ཚུགས་པས་ཟེར་ བློན་པོ་གིས་ བཤད་ཅི།

བློན་པོ་གིས་ ས་ཁོངས་ལ་ལོ་ཅིག་ནང་ དར་ཁྱབ་མང་སུ་སོང་མི་དང་ ལ་ལོ་ཅིག་ནང་ མ་འགྱོ་མི་དེ་ གཙོ་བོ་ར་ ལགཔ་འཁྱུ་ནི་དང་ ཁ་རས་སྤུབས་ནི་ དེ་ལས་ ས་སྟོང་བཞག་ནི་ཚུ་ འབད་མི་ལུ་བརྟེན་ ཁྱད་པར་ཐོན་ནུག་ཟེར་ཨིན་པས།

བློན་པོ་གིས་འབད་བ་ཅིན་ མི་ཚུ་གིས་ འགྲོ་འགྲུལ་བཀག་དམ་སྐབས་ལུ་ཡང་ གསོ་བའི་སྒྲིག་གཞི་ལུ་ མ་གནས་པར་ ལ་ལོ་གིས་ ཁྱིམ་ཚང་གི་ ཁྱིམ་ནང་སོང་ནུག་ཟེར་ཨིནམ་ད་ སྡེཔ་སྲིད་ཀྱི་ ས་ཁོངས་ནང་འབད་བ་ཅིན་ ཆ་རོགས་ཚུ་བསྡོམས་ཏེ་ ངན་པ་དགུ་འཛོམས་ གཅིག་ཁར་ཟ་ནུག་ཟེར་ཨིནམ་ད་ གཏེར་མ་གླིང་ཀ་ནང་འབད་བ་ཅིན་ ཁྱིམ་ཚང་གི་ཁྱིམ་ནང་ སོང་ནུག་ཟེར་ཨིན་པས།

དེ་བཟུམ་སྦེ་ བདེ་ཆེན་ཆོས་གླིང་ གདངས་རས་ནང་ལུ་འབད་བ་ཅིན་ ཕྱི་རུ་ཁྱིམ་ཚང་གི་ཁྱིམ་ནང་ ཞག་ཉལ་བར་སོང་ཡོདཔ་ད་ ཨོ་ལ་ཁ་ལུ་ཡང་ བཞེས་སྒོ་གཅིག་ཁར་འཛོམས་ཏེ་ ཟ་ཡོདཔ་མ་ཚད་ ཡམ་རྐྱབ་སྡོད་ནུག་ཟེར་ཨིན་པས།

བློན་པོ་གིས་ ད་རིས་ལས་ ལྷོད་ཡངས་གཏངམ་ཨིན་རུང་ ད་ལས་ཕར་ ལོག་འཐོན་པ་ཅིན་ བཀག་འཛིན་འབད་ནི་ལུ་ ལཱ་ཁག་གཏང་འོང་ཟེར་བཤད་ཅི།

གསོ་བའི་མཁས་མཆོག།

མི་མང་གིས་ ཁག་ཆེ་བའི་ གསོ་བའི་ཞབས་ཏོག་ཚུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ལེན་པར་འོང་མ་དགོ་པར་ ལུང་ཕྱོགས་སྨན་ཁང་ཚུ་ནང་ལས་ འཐོབ་ཚུགས་ནིའི་དོན་ལུ་ ལྷན་ཁག་གིས་ གསོ་བའི་མཁས་མཆོག་ཚུ་ ལུང་ཕྱོགས་སྨན་ཁང་ཚུ་ནང་གཏང་ནིའི་ འཆར་གཞི་བཟོ་སྟེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ ལྷན་ཁག་གིས་ མཐུན་རྐྱེན་ཚུ་ བྱིན་ཐབས་ལུ་ གསོ་བའི་ཅ་ཆས་ཚུ་ཡང་ ཁ་སྐོང་མཁོ་སྒྲུབ་འབད་དེ་ཡོད་ཟེར་ གསོ་བ་བློན་པོ་གིས་ བཤད་ཡོདཔ་ད་ ཁ་ཙ་ ནད་འབུབ་གསརཔ་ཐོབ་མི་ ཕུད་རྡོག་གཅིག་ཡང་ མེདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *