ད་རིས་ལས་ གཙང་ཆུ་བདའ་སྟེ་ ཕུངམ་ འཚོལ་ཞིབ་འབད་ནི།

༉ འདམ་ཆུ་དང་ ཧཱ་གི་བར་ནའི་ ཕྲང་ལམ་གྱི་ཟམ་ རམ་འགྱོ་མིའི་རྐྱེན་ངན་ནང་ ལས་མི་༦ གི་ཕུངམ་ འཚོལ་མ་འཐོབ་པར་ལུས་མི་དེ་ ད་རིས་ལས་ འཕྲོ་མཐུད་དེ་ གཙང་ཆུའི་མཐའམ་བདའ་སྟེ་ འཚོལ་ནི་ཨིན་པས།

དེ་ཡང་ སྤྱི་ཟླ་༢ པའི་ཚེས་༩ ལུ་ ཟམ་རམ་མིའི་རྐྱེན་ངན་ནང་ ལས་མི་༩ ཡོད་ས་ལས་༣ གྱི་ཕུངམ་ཚུ་ རྐྱེན་ངན་བྱུང་བའི་ཚེ་ར་ ཐོབ་ཚུགས་ཡོད་རུང་ གཞན་མི་ཚུ་ ད་ལྟོ་ཡང་ འཚོལ་མ་འཐོབ་པར་ ཡོདཔ་ཨིན་པས།

སྤ་རོ་རྫོང་བདག་གིས་ བཤད་མིའི་ནང་ སྤྱི་ཟླ་༢ པའི་ཚེས་༡༣ དང་༡༤ ལུ་ འཕྲུལ་ཆས་བཙུགས་ཏེ་ ཟམ་རམ་མིའི་ རག་རོ་ཚུ་གི་འོག་ལུ་ འཚོལ་ཞིབ་འབད་རུང་ མིན་འདུག་ཟེར་ཨིན་པས།

རྫོང་བདག་གིས་ བཤད་མིའི་ནང་ ཟམ་འོག་གི་གཙང་ཆུའི་ རག་རོ་ཚུ་གི་འོག་ལུ་ཡང་ ཕུངམ་མ་མཐོངམ་ལས་ ད་རིས་ལས་ གྲུ་ལག་ལེན་འཐབ་སྟེ་ མི་ཚུ་གིས་ གཙང་ཆུའི་མཐའམ་བདའ་སྟེ་ འཚོལ་ནི་ཨིན་ཟེར་ཨིན་པས།

འདས་པའི་ཉིནམ་དག་པ་ཅིག་གི་རིང་ ས་རྐོ་འཕྲུལ་ཆས་ཚུ་ ས་ཁོངས་ནང་བཙུགས་ཏེ་ འཚོལ་ཡོད་རུང་ ཕུངམ་ཕུད་རྡོག་གཅིག་ཡང་ མ་མཐོང་ཟེར་ འཚོལ་ཞིབ་འབད་མི་ཅིག་གིས་ བཤདཔ་ཨིན་པས།

ད་རིས་ གནས་བདག་གཞི་བདག་ཚུ་ལུ་ གསེར་སྐྱེམས་དང་ གསོལ་ཁ་ཕུལ་ཏེ་ འཚོལ་ནི་ཨིན་ཟེར་ རྫོང་བདག་གིས་ བཤད་ཡོད་རུང་ བསྒྲུབ་རན་ཁར་ལྷོད་མི་ཟམ་དེ་ ག་དེ་སྦེ་ རམ་ཡོདཔ་ཨིན་ན་ ད་ལྟོ་ཡང་ ཁ་གསལ་ཅིག་ མེདཔ་ཨིན་པས།

རྐྱེན་ངན་བྱུང་བའི་ཚེ་ ཟམ་གྱི་ལཱ་ཚུ་ ཧ་ལམ་ མཇུག་བསྡུ་ཚར་ཡོདཔ་ལས་ ཟམ་གུ་ ལཱ་འབད་སྡོད་མི་ ལས་མི་༡༢ ཡོད་ས་ལས་༣ གྱིས་ ཟམ་གྱི་ཉེ་འདབས་ལུ་ཡོད་མི་ སྦ་སྒོར་ཅིག་ནང་ ཆུ་འཐུང་པར་འོང་ནི་དེ་གིས་ ཁ་རྗེ་བཟང་ནུག།

བདེ་སྲུངཔ་དང་ བསྟན་སྲུང་དམག་མི་ དེ་ལས་ ས་ཁོངས་ནང་ལཱ་འབད་མི་ཚུ་གིས་ ཕུངམ་འཚོལ་ནི་ལུ་ ཆ་རོགས་འབད་ཡོད་རུང་ རམ་འགྱོ་མི་ ཟམ་གྱི་ཆ་ཤས་དཔྱངས་ཏེ་ཡོད་མི་དེ་ འབུད་འོང་ནིའི་ ཉེན་ཁ་ཡོདཔ་ལས་ བཤོལ་བཞག་ཡོདཔ་ཨིན་པས།

ཟམ་དེ་གི་ ལཱ་ངོ་མ་ཚུ་ འབད་ཚར་ཡོདཔ་ལས་ ལྗིད་འབག་ཚད་ཀྱི་ བརྟག་དཔྱད་འབད་ནིའི་དོན་ལུ་ རྡོ་རུག་བླུགས་མི་ཕད་ཙེ་ཚུ་ ཟམ་གྱི་ཐོག་ཁར་ བཀལ་ནིའི་དོན་ལུ་ ག་ར་གྲ་སྒྲིག་འབད་དེ་ ཟམ་གྱི་ཉེ་འདབས་ལུ་ བསྐྱལ་ཏེ་ཡོད་རུང་ བརྟག་དཔྱད་འབད་མ་ཚུགས་པས།

ཌཱན་ཊག་ལས་འགུལ་གྱིས་ འགོ་འདྲེན་ཐོག་ལས་ རྒྱ་གར་གྱི་ ཞི་བའི་ཁག་འབགཔ་ཅིག་གིས་ བཟོ་སྐྲུན་འབད་མི་ཟམ་དེ་ཕྱོགས་གཉིས་ལས་སྦེ་ རྐྱབ་ཡོདཔ་ལས་ ཟླཝ་དག་པ་ཅིག་གི་ཧེ་མར་ སྦུག་ལུ་ མཐུད་སྦྲེལ་འབད་དེ་ ཁག་འབག་གི་ དོ་བསྐྱལ་ལེན་འབད་མི་ འཕྲུལ་ཆས་ཚུ་ ཕར་ཚུར་འགྲོ་འགྲུལ་ཡང་ འབད་ཡོདཔ་ཨིན་པས།

རྐྱེན་ངན་བྱུང་སྟེ་ བདུན་ཕྲག་ལྷག་དོ་ཡོད་རུང་ ཌཱན་ཊག་ལས་འགུལ་གྱིས་ རྐྱེན་ངན་སྐོར་ལས་ བརྡ་བརྒྱུད་ཚུ་ལུ་ ག་ནི་ཡང་ སླབ་མ་བཏུབ་པར་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *