ད་རིས་ ཕྱི་རུའི་ཆུ་ཚོད་༥ ལུ་ རྒྱལ་ཁབ་ཀྱི་ རྫོང་གཞིས་དང་པ་དང་ རྙིང་ཤོས་ཨིན་མི་ སེམས་རྟོགས་ཁ་རྫོང་ནང་ རྒྱ་གར་གྱི་ བློན་ཆེན་ན་རེན་ད་ར་ མོ་དི་མཆོག་གིས་ དྲན་རྟགས་ཅན་གྱི་ ལས་སྣ་ལེ་ཤ་ཅིག་ འགོ་འབྱེད་དང་ གསར་བཙུགས་གནང་ནི་ཨིན་པས།

ད་རིས་ཕྱི་རུ་ འབྲུག་དང་རྒྱ་གར་གྱི་བར་ན་ གོ་བརྡའི་ཆིངས་ཡིག་ཚུ་གུ་ མཚན་རྟགས་བཀོད་གནང་ནི།

རྒྱ་གར་གྱི་བློན་ཆེན་ ད་རེན་ད་ར་མོ་དི་མཆོག་ ཉིན་གྲངས་༢ ཀྱི་ རྒྱལ་ཁམས་གཟིགས་སྐོར་ནང་ ད་རིས་ འབྲུག་ལུ་ ཕེབས་པའི་སྐབས་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ གཞུང་གི་ཆེ་མཐོའི་དཔོན་ཁག་ཚུ་གིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ཕེབས་བསུ་ཞུ་ནི་ཨིན་པས།

བློན་ཆེན་མོ་དི་མཆོག་ སྤ་རོ་ལས་ ཐིམ་ཕུག་ལུ་བྱོནམ་ད་ ལམ་བདའ་སྟེ་ སློབ་ཕྲུག་ཚུ་གིས་ རྒྱ་འབྲུག་གཉིས་ཀྱི་ རྒྱལ་དར་ཆུང་ཀུ་ཚུ་ གཡུག་ཐོག་ལས་ ཕེབས་བསུ་ཞུ་ནི་ཨིནམ་ད་ རྒྱལ་ས་ལྟེ་བ་ལུ་ ཕེབས་པའི་ཤུལ་ལས་ རྒྱ་གར་གྱི་ བློན་ཆེན་གྱིས་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ནི་ཨིན་པས།

ཕྱི་རུ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་ཁང་ནང་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ བློན་ཆེན་མོ་དིའི་བར་ན་ གཞུང་འབྲེལ་ཞལ་འཛོམས་གནང་པའི་ཤུལ་ལུ་ ཕྱི་རུའི་ཆུ་ཚོད་༥ ལུ་ སེམས་རྟོགས་ཁ་རྫོང་ནང་ དྲན་རྟགས་ཅན་གྱི་ ལས་སྣ་ལེ་ཤ་ཅིག་ འགོ་འབྱེད་དང་ གསར་བཙུགས་གནང་ནི་ཨིན་མི་ལས་ དང་པ་ར་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་འཕྲུལ་ཁང་དེ་ འགོ་འབྱེད་གནང་ནི་ཨིན་པས།

བློན་ཆེན་མོ་དིའི་ གཟིགས་སྐོར་དེ་ འབྲུག་དང་རྒྱ་གར་གྱི་བར་ན་ ཆུར་བརྟེན་གློག་མེ་ལས་འགུལ་ནང་ མཉམ་འབྲེལ་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྔ་འཁོར་བའི་ དུས་དྲན་ཁྱད་པར་ཅན་ བརྩི་སྲུང་འབད་བའི་ ནམ་དུས་ལུ་ཨིན་པས།

མང་སྡེ་ཆུ་གློག་མེ་ལས་འགུལ་བསྒྲུབས་མི་དང་བསྟུན་ འབྲུག་གི་གློག་ཤུགས་ཐོན་སྐྱེད་ནུས་ཚད་ མེ་ག་ཝཱཊ་༡,༦༠༦ ལས་༢,༣༢༦ འབདཝ་ད་ བརྒྱ་ཆ་༤༤.༨ ཡར་སེང་འགྱོཝ་བཞིན་དུ་ མང་སྡེ་ཆུ་དེ་ གཞུང་གཉིས་ཀྱི་ ཕན་ཚུན་ལས་འགུལ་ཐོག་ ལག་ལེན་འཐབ་མི་ ལས་འགུལ་༤ པ་ཨིན་པས།

ཕན་ཚུན་གཞུང་གཉིས་ཀྱི་ ལས་འགུལ་ཐོག་ལུ་ དང་པ་ར་ གློག་ཤུགས་མེ་ག་ཝཱཊ་༣༣༦ འབད་མི་ ཆུ་ཁ་གློག་མེ་ལས་འགུལ་དེ་ རྒྱ་གཞུང་ལས་ མ་དངུལ་གྲོགས་རམ་ བརྒྱ་ཆ་༦༠ དང་ སྐྱིན་འགྲུལ་བརྒྱ་ཆ་༤༠ སྦེ་ བཟོ་སྐྲུན་འབད་མི་དེ་ སྤྱི་ལོ་༡༩༨༦ ལུ་ བསྒྲུབས་ཡོདཔ་ཨིན་པས།

གློག་ཤུགས་མེ་ག་ཝཱཊ་༡,༠༢༠ འབད་མི་ དར་ལ་གློག་མེ་འཕྲུལ་ཁང་དང་ གློག་ཤུགས་མེ་ག་ཝཱཊ་༦༠ འབད་མི་ ཀུར་རི་ཆུ་ལས་འགུལ་༢ པོ་དེ་ཡང་ ཕན་ཚུན་གཞུང་གཉིས་ཀྱི་ ལས་འགུལ་ཐོག་ལུ་ བཟོ་སྐྲུན་འབད་ཡོདཔ་ད་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པ་དང་༢ པ་དེ་ཡང་ གཞུང་གཉིས་ཀྱི་ ལས་འགུལ་ཐོག་ལས་ སྐྱིན་འགྲུལ་བརྒྱ་ཆ་༧༠ དང་ མ་དངུལ་གྲོགས་རམ་བརྒྱ་ཆ་༣༠ ཐོག་ལས་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ཨིན།

དེ་ལས་ གློག་ཤུགས་མེ་ག་ཝཱཊ་༢,༥༠༠ ཐོན་སྐྱེད་འབད་ནིའི་ འོས་འབབ་ཡོད་མི་ སཱུན་ཀོཤ་ལས་འགུལ་ འགོ་བཙུགས་ནི་དེ་ ད་རེས་ནངས་པར་ གཞུང་གི་གཙོ་རིམ་ཅན་ཅིག་ཨིནམ་ད་ ད་རིས་ བློན་ཆེན་མོ་དི་དང་ ཞལ་འཛོམས་གནངམ་ད་ ལས་འགུལ་ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་དང་ མ་དངུལ་ག་དེ་སྦེ་ བཙུགས་བཏོན་འབད་ནི་ཨིན་ནའི་སྐོར་ གསུང་གྲོས་གནང་ནི་གི་ རེ་བ་ཡོདཔ་ཨིན་པས།

མང་སྡེ་ཆུ་གློག་མེ་འཕྲུལ་ཁང་འགོ་འབྱེད་གནང་པའི་ཤུལ་ལུ་ བློན་ཆེན་༢ ཀྱིས་ རྒྱ་འབྲུག་གཉིས་ཀྱི་བར་ན་ ཆུར་བརྟེན་གློག་མེ་ནང་ མཉམ་འབྲེལ་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་༥ འཁོར་བའི་ རྗེས་དྲན་གྱི་ འགྲེམ་རྟགས་ཅིག་ གསར་བཏོན་གནང་ནི་དང་ བློན་ཆེན་མོ་དི་གིས་ འཕྲུལ་རིག་ཐོག་ལས་ དངུལ་བཙུགས་བཏོན་འབད་ནིའི་ ལྷན་ཐབས་ལུ་ འགོ་བཙུགས་མི་ རྒྱ་གར་གྱི་ རུ་པི་ཤོག་བྱང་ དེ་ལས་ སཱསི་ཟེར་ལྷོ་ཨེ་ཤི་ཡ་འཕྲུལ་སྐར་གྱི་དོན་ལུ་ འཕྲུལ་ཁང་ཅིག་དང་ རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཡོངས་འབྲེལ་ (ཨེན་ཀེ་ཨེན) དང་ འབྲུག་ཞིབ་འཚོལ་དང་ ཤེས་རིག་ཡོངས་འབྲེལ་ (འབྲུག་རེན) གྱི་བར་ན་ ཕན་ཚུན་མཐུད་སྦྲེལ་ལས་རིམ་ཅིག་ཡང་ འགོ་བཙུགས་གནང་ནི་ཨིན་པས།

དེ་ལས་ རྒྱལ་ཁབ་གཉིས་ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་ཁག་༩ གུ་ མཚན་རྟགས་བཀོད་དེ་ བརྗེ་སོར་འབད་ནི་ཨིནམ་ད་ ཆིངས་ཡིག་ཚུ་གི་གྲས་ལས་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ གནམ་གྲུ་ཞིབ་དཔྱད་སྡེ་ཕྲན་དང་ རྒྱ་གར་གཞུང་གི་ ཞི་བའི་མཁའ་འགྲུལ་ལྷན་ཁག་གི་ གནམ་གྲུ་ཐུག་རྐྱེན་དང་ ཞིབ་དཔྱད་ལས་སྡེའི་བར་ན་ གནམ་གྲུ་ཐུག་རྐྱེན་དང་ བྱུང་རྐྱེན་ཞིབ་དཔྱད་ཀྱི་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་ཨིན་པས།

ཤེས་ཡོན་མཁས་མཆོག་དང་ ལེགས་སྦྱར་བ་ཚུ་གི་བར་ན་ བརྗེ་སོར་ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ རྒྱ་གར་ཀཱན་པུར་དང་ ལྡི་ལི་ སིལ་ཅར་ མུམ་བེ་ལུ་ཡོད་མི་ མིང་གཏམ་ཅན་གྱི་ གཙུག་ལག་སློབ་སྡེ་༤ གི་བར་ན་དང་ ཁྲིམས་སྡེའི་སྦྱོང་བརྡར་དང་ མཉམ་འབྲེལ་གྱི་དོན་ལུ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་དང་ རྒྱ་གར་རྒྱལ་ཡོངས་ཁྲིམས་དོན་སྤེལ་ཁང་གི་བར་ན་ དེ་ལས་ ཁྲིམས་དོན་ཤེས་ཡོན་དང་ ཞིབ་འཚོལ་ནང་ ཆོས་ཚན་བཟོ་ནི་དང་ ལམ་སྲོལ་དང་འབྲེལ་བའི་ ཕན་ཚུན་བརྗེ་སོར་ལས་རིམ་གྱི་དོན་ལུ་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་ཀྱི་སློབ་སྡེ་དང་ རྒྱ་གར་གཙུག་ལག་སློབ་སྡེའི་ རྒྱལ་ཡོངས་སློབ་གྲྭའི་བར་ན་ཡང་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་ཨིན་པས།

འཕྲུལ་སྐར་དང་ གནམ་སྟོང་འཕྲུལ་རིག་ལས་དོན་ཚུ་ནང་ མཉམ་འབྲེལ་འབད་ནིའི་དོན་ལུ་ བརྡ་དོན་འཕྲུལ་རིག་དང་ བརྒྱུད་འཕྲིན་ལས་ཁུངས་ཀྱིས་ རྒྱ་གར་གྱི་གནམ་སྟོང་ཞིབ་འཚོལ་ལས་སྡེ་དང་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་ཨིན་པས།

དེ་གི་ཤུལ་ལས་ ཕྱི་རུ་ཁམས་ཅིག་ཁར་ བློན་ཆེན་མོ་དི་གིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ སྐུ་མདུན་ལུ་ བཅར་ནི་ཨིནམ་ད་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ ལ་མེ་རེ་ཌེན་ཟ་ཁང་ནང་ རྒྱ་གར་གྱི་ བློན་ཆེན་དང་ འཐུས་མི་ཚུ་ལུ་ ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།

ནངས་པ་དྲོ་པར་ བློན་ཆེན་མོ་དི་གིས་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ནང་ ན་གཞོན་ཚུ་ལུ་ གསུང་བཤད་གནངཔའི་ཤུལ་ལས་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་བྱོན་དེ་ ཐུགས་སྨོན་དང་ དཀར་མེ་ཕུལ་ནི་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་ བློན་ཆེན་མོ་དི་དང་ ཕྱག་ཞུ་མི་ལུ་ ཉིན་མའི་གསོལ་སྟོན་ཅིག་ གནང་ནི་དང་ དེ་བསྒང་ བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་ རང་ལུགས་ཀྱི་ ལས་རིམ་ཅིག་ཡང་ སྤྱན་འབུལ་ཕུལ་ནི་ཨིན་པས།

དེ་གི་ཤུལ་ལས་ བློན་ཆེན་མོ་དི་དང་ ཕྱག་ཞུ་མི་ཚུ་ རྒྱལ་ཁབ་ནང་ལས་ ལོག་འབྱོན་ནི་ཨིནམ་ད་ ད་རེས་ བློན་ཆེན་མོ་དི་མཆོག་ འབྲུག་ལུ་བྱོན་མི་དེ་ ཐེངས་གཉིས་པ་ཨིནམ་ད་ གཟིགས་སྐོར་དང་པ་དེ་ སྤྱི་ལོ་༢༠༡༤ ཟླ་༦ པའི་ནང་ བློན་ཆེན་གྱི་ གོ་གནས་བཞེས་པའི་ཤུལ་ལུ་ རྒྱལ་ཁབ་ནང་ བྱོན་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *