ད་ཚུན་ རྒྱལ་ཡོངས་ཚོགས་སྡེའི་ དང་འདོད་ཅན་གྱི་མི་ངོམ་༨༤ ལུ་ ངོ་སྦྱོར་ཡི་གུ་སྤྲོད་ཡོདཔ།

ད་ཚུན་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ དང་འདོད་ཅན་གྱི་མི་ངོམ་༡༧༥ གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ཡོད་ས་ལས་ ལྷན་ཚོགས་ཀྱིས་ མི་ངོམ་༨༤ ལུ་ ངོ་སྦྱོར་ཡི་གུ་བྱིན་ནི་དེ་གིས་ ད་ལས་ཕར་ ཡིག་ཆ་ཚུ་ ངོས་ལེན་འགོ་དཔོན་ལུ་ སྤྲོད་ཚུགས་ནི་ཨིན་པས།

ངོ་སྦྱོར་ཡི་གུ་དེ་ ཤེས་རིག་ལྷན་ཁག་འོག་ལུ་ཡོད་པའི་ འབྲུག་ངོ་སྦྱོར་ཚོགས་སྡེ་གིས་ མི་ངོམ་༡༡༧ གྱི་ ཤེས་རིག་ ལག་ཁྱེར་ཚུ་ བརྟག་ཞིབ་འབད་བའི་ཤུལ་ལས་ ཚུལ་མཐུན་ཨིན་པའི་ ངོས་འཛིན་འབད་དེ་ བདེན་སྦྱོར་ཡི་གུ་བྱིན་མི་ལུ་ གཞི་བཞག་སྟེ་ ལྷན་ཚོགས་ཀྱིས་ ངོ་སྦྱོར་ཡི་གུ་བྱིན་དོ་ཨིན་པས།

ངོ་སྦྱོར་ཡི་གུ་ མ་བྱིན་པའི་ཧེ་མར་ ལྷན་ཚོགས་ཀྱིས་ ཚོགས་སྡེ་ལས་བཏང་མི་ བདེན་སྦྱོར་ཡི་གུ་དེ་ ད་རུང་ ཚོགས་སྡེ་དང་གཅིག་ཁར་ བདེན་དཔྱད་འབད་བའི་ཤུལ་ལས་རྐྱངམ་གཅིག་ ངོ་སྦྱོར་ཡིག་གུ་བྱིན་དོ་ཡོདཔ་ད་ དེ་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུ་ལས་ཁུངས་ཀྱི་འགོ་ཁྲིདཔ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཚོགས་སྡེ་ལས་ལྷོད་མི་ བདེན་སྦྱོར་ཡི་གུ་ བདེན་དཔྱད་འབད་མི་དེ་ ཡི་གུ་རྫུས་བཟོ་འབད་ནི་ལས་ བཀག་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བདེན་སྦྱོར་ཡི་གུ་དེ་ ལེགས་ཤོམ་སྦེ་ བདེན་དཔྱད་མ་འབད་བ་ཅིན་ ལ་ལོ་གིས་ རྫུས་མ་བཟོ་སྟེ་འབག་འོང་ནིའི་ ཉེན་ཁ་ཡོདཔ་ལས་ དེ་གིས་ བཙག་འཐུ་སྐབས་ བྱ་སྟབས་མ་བདེཝ་སྦོམ་འཐོན་ནིའི་ཉེན་ཁ་ཡོདཔ་ལས་ ལེགས་ཤོམ་སྦེ་ བདེན་དཔྱད་འབད་དོ་ཟེར་ཨིན་པས།

ངོ་སྦྱོར་ཡི་གུ་དེ་ སྤྱི་ཟླ་༢ པའི་ཚེས་༢༤ ལས་ གདམ་ངོའི་འཛོམས་འདུ་ འགོ་བཙུགསཔ་དང་འབྲེལ་ རང་སོའི་ངོས་ལེན་འགོ་དཔོན་ཚུ་ལུ་ ཡིག་ཆ་གཞན་ཚུ་དང་གཅིག་ཁར་ སྤྲོད་དགོཔ་ཨིན་མི་དེ་ གལ་སྲིད་ དང་འདོད་ཅན་གྱི་ མི་ངོམ་དེ་ རྒེད་འོག་འཛོམས་འདུ་སྐབས་ གདམ་འཐུ་འགྲུབ་མ་ཚུགས་པ་ཅིན་ རྒེད་འོག་གི་གནས་ཚད་ལས་ མི་ངོམ་སྦེ་ བཅའ་མར་གཏོགས་མི་ཆོག་ནི་ཨིནམ་ལས་ ངོ་སྦྱོར་ཡི་གུ་དགོཔ་མེད་ཟེར་ཨིན་པས།

དེ་འབདཝ་ད་ གདམ་ངོའི་འཛོམས་འདུ་ནང་ལས་ གདམ་འཐུ་འགྲུབ་སྟེ་ རྒེད་འོག་གི་གནས་ཚད་ནང་ བཙག་འཐུ་འབད་ནིའི་དོན་ལུ་ ཡིག་ཆ་ཚུ་ ངོས་ལེན་འགོ་དཔོན་ལུ་བྱིན་པའི་སྐབས་ ངོ་སྦྱོར་ཡི་གུ་མེད་པ་ཅིན་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཆོག་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་ཅི།

ངོ་སྦྱོར་ཡི་གུ་དང་ ཡིག་ཆ་གཞན་ཚུ་ ངོས་ལེན་འགོ་དཔོན་ལུ་ སྤྲོད་ནིའི་དུས་ཚོད་མཇུག་དེ་ སྤྱི་ཟླ་༣ པའི་ཚེས་༡༩ ལུ་ཨིནམ་ལས་ དེ་ལས་བརྒལ་བ་ཅིན་ ངོས་ལེན་མི་འབད་ནི་ཨིནམ་ད་ སྤྱི་ཟླ་༣ པའི་ཚེས་༢༠ ལུ་འབད་བ་ཅིན་ ཡིག་ཆ་ཚུ་བརྟག་ཞིབ་འབད་ནི་ཨིན་པས།

དང་འདོད་ཅན་གྱི་ མི་ངོམ་ཚུ་གི་ ཤེས་ཚད་ལག་ཁྱེར་བརྟག་ཞིབ་འབད་དེ་ ངོ་སྦྱོར་འབད་དགོ་མི་དེ་ ལ་ལོ་མཐོ་རིམ་ཤེས་ཚད་ ཡན་ཆད་འབད་མི་ ལག་ཁྱེར་ཡོད་རུང་ འཕྲོ་མཐུད་དང་ ཐག་རིང་ཤེས་ཡོན་སྦྱང་མི་འབདཝ་ལས་ དེ་ཚུ་ལུ་ ངོས་ལེན་མེད་མི་དེ་ བཙག་འཐུའི་ལམ་ལུགས་དང་འཁྲིལ་བ་ཅིན་ ཤེས་རིག་གི་ལག་ཁྱེར་དེ་ ཨིན་ཅི་མིན་ཅི་ སློབ་གྲྭ་ནང་སྡོད་དེ་ སློབ་གྲྭའི་ལམ་ལུགས་དང་འཁྲིལ་ མཇུག་བསྡུ་མི་དགོཔ་ཨིན་པས།

དེ་འབདཝ་ལས་ ཤེས་རིག་གི་ལག་ཁྱེར་ཚུ་ འབྲུག་ངོ་སྦྱོར་ཚོགས་སྡེ་གིས་ བདེན་དཔྱད་འབད་བའི་སྐབས་ དུས་ཚོད་འགོར་མི་དེ་ ལག་ཁྱེར་ལ་ལོ་ཅིག་ ཕྱིའི་རྒྱལ་ཁབ་ནང་ཡོད་པའི་ མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་སྡེ་དང་གཅིག་ཁར་ བློ་སླབ་དགོཔ་ཐོན་ནི་དེ་གིས་ཨིན་པས།

ད་རེས་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ དང་འདོད་ཅན་གྱི་ མི་ངོམ་༡༧༥ ལྷགཔ་ཅིག་གིས་ ཐོ་བཀོད་འབད་ས་ལས་༡༡༧ གྱི་ བདེན་སྦྱོར་འབད་ཚར་ཡོདཔ་ལས་ ལྷག་ལུས་༥༨ ལྷགཔ་ཅིག་ འབད་བའི་བསྒང་ཡོདཔ་ད་ འབྲུག་གི་བཙག་འཐུ་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ སྤྱི་ཚོགས་ཀྱི་འཐུས་མི་དང་ ཁྲོམ་དཔོན་སྦེ་ བཅའ་མར་གཏོགས་དགོ་པ་ཅིན་ ཤེས་ཚད་དེ་ ཉུང་ཤོས་ར་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ དགོ་ནི་དེ་གིས་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *