ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྤ་རོ་རིན་སྤུངས་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའང་བསྒང་།

ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ གཱོལ་༡༥ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ།

༉ སྤྱི་ལོ་༢༠༢༠ ལས་འགོ་བཙུགས་ ད་ཚུན་གྱི་བར་ན་ འབྲུག་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འབྲུག་པི་མི་ཡར་ལིག་ ཕུཊ༌བཱོལ་རྩེད་འགྲན་ནང་ གཱོལ་༡༥ བཙུགས་མི་དེ་ འགོ་དང་པ་ཨིན་པས།

ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྤ་རོ་རིན་སྤུངས་སྡེ་ཚན་ལུ་ གཱོལ་༡༥ བཙུགས་ཏེ་ ཕམ་བཏང་ཡོདཔ་བཞིན་དུ་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་ཕུད་རྡོག་༡ ཡང་ བཙུགས་མ་ཚུགས་པས།

སྤ་རོ་རིན་སྤུངས་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ནི་དེ་གིས་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༣ ཐོབ་སྟེ་ ད་རུང་ཚར་གཅིག་ གྱལ་རིམ་ཨང་དང་པ་ཐོན་ཡོདཔ་ད་ གཞན་དལ་གཞི་འབད་བ་ཅིན་ སྤ་རོ་སྡེ་ཚན་དང་གཅིག་ཁར་ སྐུགས་འདྲན་འདྲ་ཐོབ་ཡོདཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགསཔ་སྦེ་སྡོད་ནུག།

རིན་སྤུངས་སྡེ་ཚན་གྱིས་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༥ ཚུན་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་རུང་ ཐིམ་ཕུག་སི་ཊི་གི་ རྩེད་འགྲན་པ་ ཀརྨ་ཤེས་གྲུབ་ཀྱིས་ གཱོལ་དང་པ་བཙུགས་པའི་ཤུལ་ལས་ བར་མཚམས་ཀྱི་ ངལ་གསོ་མ་ལེན་ཚུན་ གཱོལ་༧ ཐེབས་བཙུགས་ཡི།

དེ་བཟུམ་སྦེ་ བར་མཚམས་ཀྱི་ཤུལ་ལས་ ཡེ་ཤེས་རྡོ་རྗེ་གིས་ ད་རུང་ སྐར་མ་༤༦ དང་༧༡ དེ་ལས་ སྐར་མ་༧༤ ལུ་ གཱོལ་༣ བཙུགས་མི་ཡོདཔ་བཞིན་དུ་ སྐལ་ལྡན་སྟོབས་ལྡན་དང་ དཔལ་ལྡན་ཚེ་རིང་༢ ཀྱིས་ གཱོལ་རེ་རེ་ དེ་ལས་ རྩེད་འགྲན་གཞན་གྱིས་ཡང་ གཱོལ་༢ བཙུགས་མི་དང་བསྟུན་ བསྡོམས་གཱོལ་༧ བཙུགས་ཏེ་རྒྱལ་ཁ་ཐོབ་ཅི།

ཡོངས་གྲངས་ཅན་ཨིན་མི་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ ཁ་ཙ་ གཱོལ་༣ བཙུགས་ཚུགས་ནི་དེ་གིས་ མ་འོངས་པའི་རྩེད་འགྲན་ནང་ ལྷན་ཐབས་འབྱུང་ཚུགས་པའི་ བློ་སྟོབས་དང་ སེམས་ཤུགས་ཐོབ་ཅི་ཟེར་ཨིན་པས།

ཨིན་རུང་ རིན་སྤུངས་སྡེ་ཚན་གྱི་ སློབ་སྟོན་པ་གིས་ སླབ་མིའི་ནང་ ཐིམ་ཕུག་སི་ཊི་ལས་ ཕམ་སོ་མི་དེ་ སྡེ་ཚན་གྱི་ གདོང་ཁར་རྩེད་མི་ ཀུན་ལེགས་ཚེ་རིང་ མེད་མི་ལུ་བརྟེན་ སྡེ་ཚན་ལུ་ གནོད་སྐྱོན་སྦོམ་རྐྱབ་ཅི་ཟེར་ཨིན་པས།

ལྟདམོ་ལྟ་མི་ཚུ་གིས་འབད་རུང་ ཕམ་མི་སྡེ་ཚན་གྱི་ཧོངས་ལས་ རེ་བ་བསྐྱེད་དོ་བཟུམ་སྦེ་ རྩེད་འགྲན་འབད་མ་ཚུགསཔ་ལས་ སེམས་ཕམ་བྱུང་ཡི་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *