ད་ལྟོ་བཞེངས་པའི་བསྒང་ཡོད་མི་ ཧིན་དུ་ལྷ་ཁང་།

ཐིམ་ཕུག་ལུ་ ཧིན་དུ་ལྷ་ཁང་ ལོ་༡ གི་རྒྱབ་ལས་ བཞེངས་ཚར་ནི།

༉ ཐིམ་ཕུག་ཀུན་གསལ་ཕོ་བྲང་གི་ ས་ཁོངས་ནང་ བཞེངས་པའི་བསྒང་ཡོད་མི་ ཧིན་དུ་ལྷ་ཁང་དེ་ སང་ཕོད་ སྤྱི་ཟླ་༦ པའི་ནང་ བསྒྲུབ་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
ལྷ་ཁང་དེ་ དུས་ཚོད་དང་འཁྲིལ་ བསྒྲུབས་མ་ཚུགས་པར་ ལན་ཐེངས་ལེ་ཤ་ ཕར་འགྱངས་འབད་དགོཔ་ བྱུང་པའི་ཤུལ་ལུ་ གཞུང་གི བཀའ་རྒྱ་དང་འཁྲིལ་ཏེ་ ལྷ་ཁང་བཞེངས་ནི་གི་ལཱ་ཚུ་ རྒྱ་གར་ཇའི་པར་ཀཱཤ་ལས་སྡེ་ལུ་ བྱིན་ཡོདཔ་བཞིན་དུ་ ལས་སྡེ་གིས་ ད་རེས་ཀྱི་ ཟླཝ་ནང་ལས་ ལཱ་འབད་ནི་ འགོ་བཙུགས་ནུག།
ལྷ་ཁང་བཞེངས་ནིའི་ ལཱ་དེ་ སྤྱི་ལོ་༢༠༡༢ ཟླ་༡༡ པའི་ནང་ འབྲུག་པའི་ཁག་འབགཔ་ཅིག་གིས་ འགོ་བཙུགས་ཡོདཔ་ལས་ རྩིས་ལོ་༢༠༡༣-༢༠༡༤ ལུ་ བསྒྲུབས་དགོཔ་སྦེ་ཡོད་རུང་ མཇུག་བསྡུ་མ་ཚུགས་པར་ ལོ་༣ ཕྱིས་སོཔ་ཨིན་པས།
ཇའི་པར་ཀཱཤ་ལས་སྡེ་ལུ་ ལྷ་ཁང་བཞེངས་ནི་དང་ ཉམས་བཅོས་འབད་ནི་གི་ ལཱ་བྱིན་མི་དེ་ཡང་ ལྷ་ཁང་དེ་ སྤུས་ཚད་ཅན་སྦེ་ བཞེངས་ཐོག་ལས་ རྒྱལ་ཁབ་ནང་ མིག་དཔེ་ཅིག་སྦེ་ བཟོ་ཐབས་ལུ་ཨིན་པས།
ལས་སྡེའི་ཞི་བའི་བཟོ་རིག་འགོ་དཔོན་ ཨ་ཇེ་པཱན་གྱིས་ སླབ་མིའི་ནང་ ལྷ་ཁང་དེ་ཡང་ ལས་སྡེའི་ཁ་ཐུག་ལས་ གྲོགས་རམ་བཟུམ་ཅིག་སྦེ་ རིན་མེད་སྟོང་པར་ བཞེངས་ནི་ཟེར་ཨིནམ་ད་ ཟད་འགྲོ་ཡང་ དངུལ་ཀྲམ་ས་ཡ་༤༠ ལྷགཔ་ཅིག་ གནས་ནི་བཟུམ་འདུག་ཟེར་ཨིན་པས།
གཞུང་གིས་ ལྷ་ཁང་བཞེངས་ནི་དང་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༦༥ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ལྷ་ཁང་དེ་ཡང་ ཐིམ་ཕུག་ལུང་གཤོང་ མཐོང་ཚུགས་པའི་ ས་ཆ་ཨེ་ཀར་༢.༥༣ ནང་ བཞེངས་དོ་ཡོདཔ་ད་ ལྷ་ཁང་གི་ གཞི་བཀོད་དེ་ ཧེ་མར་ འབྲུག་པའི་ཁག་འབག་གིས་ བཟོ་མི་དེ་ར་ བཞག་ནི་ཨིན་རུང་ བཟོ་བཀོད་དང་ བཟོ་རྣམ་ཚུ་ ལེགས་བསྒྱུར་དང་ ཉམས་བཅོས་འབད་དགོཔ་འདུག་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
འབྲུག་པའི་ཁག་འབགཔ་ཚུ་གིས་ ལྷ་ཁང་ནང་ན་ ཕའི་བར་གེ་ལཱསི་ཟེར་ སྐུད་ཤེལ་གྱིས་བཟོ་མི་ ཧིང་དུའི་སྐུ་འདྲ་སྦྱར་མི་ཚུ་ སྤུས་ཚད་དང་ལྡནམ་སྦེ་ མེདཔ་མ་ཚད་ སྐུ་འདྲ་ཚུ་ཡང་ རྡོ་དང་ རྡོ་ཁྲ་ཅནམ་ཚུ་ བཙུགས་ནིའི་དོན་ལུ་ ག་ར་སྤོག་བཏང་དགོཔ་ བྱུང་ཡི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ལྷ་ཁང་གི་ བཟོ་བཀོད་དེ་ ལྷ་ཁང་བཟུམ་སྦེ་ར་ མ་མཐོང་བའི་ཁར་ སྐུ་འདྲའི་དབྱིབས་ཚུ་ཡང་ ལེགས་ཤོམ་ཅིག་ མིན་འདུག་ཟེར་ཨིནམ་ད་ ལྷ་ཁང་ནང་ན་ ས་སྟོང་བཞག་ནིའི་དོན་ལུ་ ཀཝ་ཚུ་ཡང་ བརྡལ་བཏང་དགོཔ་ བྱུང་ཡི་ཟེར་ཨིན་པས།
ལྷ་ཁང་དེ་ བསྒྲུབས་ཚར་བའི་བསྒང་ལས་ ལྷ་ཁང་ནང་ན་ ཐུན་བཏང་སའི་ ཁང་མིག་དང་ དཔེ་ཆ་ཁག་མ་འདྲཝ་ཚུ་ འོང་ནི་ཨིན་པའི་ཁར་ བླ་མའི་གཟིམ་ཅུང་དང་ སྲུང་རྒྱབ་ཀྱི་ ཁྱིམ་ཚུ་ཡང་ འོང་ནི་ཨིན་པས།
ད་ལྟོ་ རྒྱ་གར་གྱི་ ལས་མི་༢༠ དེ་ཅིག་གིས་ ལྷ་ཁང་བཞེངས་པའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *