སྣུམ་འཁོར་བཞག་སའི་ ཐོག་མང་སྒྲིང་ཁྱིམ།

ཐིམ་ཕུག་ལུ་ སྣུམ་འཁོར་བཞག་འཐུས་ ཡར་སེང་འབད་མི་ལུ་ གཞུང་གིས་ བར་འཛུལ་འབད་ཐབས་མེདཔ།

༉ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ཅིག་ནང་ ད་རེས་ཁམས་ཅིག་ལས་ ཐིམ་ཕུག་ལུ་ སྣུམ་འཁོར་བཞག་སའི་ གླ་འཐུས་ཡར་སེང་འབད་མིའི་སྐོར་ལས་ དྲི་བ་བཀོད་པའི་ལན་ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ དེ་ལུ་ གཞུང་གི་ཁ་ཐུག་ལས་ འབད་ཐབས་ག་ནི་ཡང་ མེད་ཟེར་ཞུ་ཡི།

ཨ་ཐང་- ཐད་ཚོ་གི་འཐུས་མི་ ཀུན་ལེགས་དབང་ཕྱུག་གིས་ དྲི་བ་ཞུ་མིའི་ནང་ ནོར་འཛིན་ལམ་བདའ་སྟེ་ སྣུམ་འཁོར་བཞག་པའི་གླ་འཐུས་ དུས་ཡུན་ཆུ་ཚོད་ཕྱེད་ལུ་ དངུལ་ཀྲམ་༡༥ བསྡུ་མི་དེ་ ད་རེས་ དངུལ་ཀྲམ་༢༠ ལུ་ ཡར་སེང་སོང་ཡོདཔ་ད་ ཐིམ་ཕུག་གི་ ས་གནས་གཞན་ཚུ་ནང་ དངུལ་ཀྲམ་༡༠ འབད་མི་དེ་ དངུལ་ཀྲམ་༡༥ ལུ་ ཡར་སེང་འབད་མི་ལུ་བརྟེན་ མི་སེར་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོད་པའི་ ཉོགས་བཤད་བཀོདཔ་མས་ཟེར་ཞུ་ཡི།

འཐུས་མི་གིས་འབད་བ་ཅིན་ མ་གཞི་ ས་གནས་གཞུང་གི་ བཅའ་ཁྲིམས་དང་འཁྲིལ་ གླ་འཐུས་ཡར་སེང་དང་ མར་ཕབ་འབད་ནིའི་དབང་ཆ་དེ་ ཁྲོམ་སྡེ་ལུ་ཡོདཔ་ཨིན་རུང་ མཐའན་མཇུག་གི་གནང་བ་དེ་ དངུལ་རྩིས་ལྷན་ཁག་གིས་ སྤྲོད་དགོཔ་ལས་ ཁྲལ་ཚུ་ མར་ཕབ་འབད་ནི་དང་ སྣུམ་འཁོར་བཞག་པའི་ དུས་ཡུན་ཚུ་ཡང་ ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་དེ་ གཏན་ཏོག་ཏོ་བཟོ་ནིའི་ ཐབས་ལམ་ག་ཅི་ར་ བཏོན་དོ་ཡོད་གའི་སྐོར་ལས་ཞུ་ཡི།

ད་ལྟོའི་ གནས་སྟངས་ནང་འབད་བ་ཅིན་ རེ་ཚེ་སྐབས་ སྣུམ་འཁོར་བཀག་བཞག་སྟེ་ དུས་ཡུན་ཆུད་ཚོད་༡ ལས་བརྒལ་མ་ལང་རུང་ དེའི་གུ་ དུས་ཐེབས་བཀལ་ཏེ་ འཐུས་ལེན་མི་དང་འཁྲིལ་ བྱ་སྟབས་མ་བདེཝ་ཚུ་ ལེ་ཤ་ཐོནམ་མས་ཟེར་ཞུ་ཡི།

དེ་ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ གསལ་ཞུ་འབད་མིའི་ནང་ གནད་དོན་དེ་གི་ཐད་ཁར་ ས་གནས་གཞུང་གི་ བཅའ་ཁྲིམས་དང་འཁྲིལ་ གླ་འཐུས་བསྡུ་ནི་དང་ སྤྱོད་ནི་ཚུ་ ཁྲོམ་སྡེའི་དབང་ཚད་ཨིན་པའི་ཁར་ འཐུས་ཡར་སེང་མར་ཕབ་འབད་ནིའི་དོན་ལུ་ཡང་ ད་རེས་ འཐུས་བསྡུ་ལེན་འབད་མི་ ཁག་འབགཔ་དང་ ཁྲོམ་སྡེ་གཉིས་ཀྱི་བར་ན་ ཕབ་ཆག་གི་ གན་རྒྱ་ཅིག་ཡང་ བཟོ་སྟེ་འདུག་ཟེར་ཞུ་ཡི།

བློན་པོ་གིས་འབད་བ་ཅིན་ གནད་དོན་དེ་ཚུ་ལུ་བརྟེན་ ད་ལྟོ་ གླ་འཐུས་ཡར་སེང་འབད་མི་དེ་ཡང་ ཁྲིམས་མཐུན་ཨིནམ་ད་ གླ་འཐུས་བསྡུ་ནིའི་ལམ་ལུགས་དེ་ཡང་ སྤྱི་ལོ་༢༠༡༥ ལུ་ གཞུང་གཉིས་པའི་སྐབས་ འགོ་བཙུགས་ནུག་ཟེར་ཞུ་ཡི།

དེ་བཟུམ་སྦེ་ འཁོར་ལམ་གཉིས་བརྩེགས་སྦེ་ རྐྱབ་ན་མ་གཏོགས་ ནོར་འཛིན་ལམ་བདའ་སྟེ་ ལམ་རྒྱ་སྐྱེད་འབད་སའི་ ས་ཁོངས་མེདཔ་ལས་ གླ་འཐུས་བསྡུ་མི་དང་ ཡར་སེང་འབད་མི་ཚུ་ ཁྲོམ་ཁར་ སྣུམ་འཁོར་གྱི་གྱངས་ཁ་ མར་ཕབ་འབད་ནིའི་དོན་ལུ་དམིགས་ཏེ་ ཨིན་མས་ཟེར་ཨིན་པས།

ད་རེས་ ཁྲོམ་ཁར་ ཐོག་ཚད་༤ རེ་འབད་མི་ སྣུམ་འཁོར་བཞག་སའི་ སྒྲིང་ཁྱིམ་༢ རྐྱབ་ཡོདཔ་ཨིན་རུང་ དེ་ཚུ་ ལག་ལེན་འཐབ་མི་ གངམ་མི་ཐོན་དོ་ཡོདཔ་ད་ སྣུམ་འཁོར་ཚུ་ ག་དེམ་ཅིག་མ་ཤོང་རུང་ ནོར་འཛིན་ལམ་བདའ་སྟེ་ར་ བཞག་བཞག་དོ་ཡོདཔ་ཨིན་པས།

བློན་པོ་གིས་འབད་བ་ཅིན་ སྣུམ་འཁོར་བཞག་སའི་འཐུས་ ཡར་སེང་མར་ཕབ་ཀྱི་ཐད་ལུ་ ལྷན་རྒྱས་གཞུང་ཚོགས་ལས་ བཀའ་རྒྱ་ཚུ་ ག་ནི་ཡང་ གནང་གནངམ་མེད་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *