ཐིམ་ཕུག་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྣུམ་འཁོར་བཞག་སའི་ སྒྲིང་ཁྱིམ།

ཐིམ་ཕུག་ལུ་ སྣུམ་འཁོར་བཞག་སའི་ སྒྲིང་ཁྱིམ་བཟོ་སྐྲུན་ལས་འགུལ་ ཕྱིས་ཡོདཔ།

༉ བཟོ་བཀོད་ནང་ བསྒྱུར་བཅོས་འབད་མི་ལུ་བརྟེན་ ཐིམ་ཕུག་ལུ་ སྣུམ་འཁོར་བཞག་སའི་ སྒྲིང་ཁྱིམ་༢ བཟོ་སྐྲུན་འབད་ནིའི་འཆར་གཞི་ཡོད་མི་དེ་ ཕྱིས་ཡོདཔ་ཨིན་པས།
དེ་ཡང་ སྣུམ་འཁོར་༥༧༠ ཤོང་ཚུགས་མི་ སྣུམ་འཁོར་བཞག་ཁང་དེ་ སྒེར་སྡེ་ཅིག་གིས་ ནེ་པཱལ་ལུ་ཡོད་མི་ ཀེ་སི་ཨར་ སྒེར་སྡེ་ལས་འགུལ་དང་ ཀེ་ཨེན་ཇི་ དེ་ལས་ རིན་སཱོན་བཟོ་སྐྲུན་ལས་སྡེ་ཚུ་གིས་ མཉམ་འབྲེལ་ལས་འགུལ་ཐོག་ལས་ བཟོ་སྐྲུན་འབད་ནི་ཨིན་པས།
ལས་འགུལ་དང་པ་དེ་ ཕན་བདེ་ལམ་ལུ་ཡོད་མི་ ཟངས་མདོག་དཔལ་རི་ཚོང་འབྲེལ་ས་ཁོངས་ཀྱི་ སྦོ་ལོགས་ཁར་ བཟོ་སྐྲུན་འབད་མི་དེ་ དུས་ཅི་ སྤྱི་ཟླ་༡༡ པའི་ནང་ མཇུག་བསྡུ་དགོཔ་སྦེ་ཨིནམ་ད་ ནོར་འཛིན་ལམ་གྱི་ གདོང་ཕྱོགས་ལུ་ཡོད་མི་དེ་ ས་སྣུམ་བཀྲམ་སྤེལ་ཁང་གི་ ཉེ་འདབས་ལུ་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་༧ པའི་ནང་ མཇུག་བསྡུ་དགོཔ་སྦེ་ ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ བཟོ་སྐྲུན་ནང་ ཡུན་འགྱངས་ལུས་དགོ་མི་དེ་ཡང་ གཙོ་བོ་ར་ བཟོ་བཀོད་ནང་ བསྒྱུར་བཅོས་འབད་མི་དེ་ ཆ་འཇོག་འབད་ནིའི་དོན་ལུ་ དུས་ཚོད་འགོར་སོ་ཡི་ཟེར་ཨིནམ་ད་ དེ་ཡང་ བཟོ་བཀོད་དང་ ཀ་ཆེན་ དེ་ལས་ རྩི་འདམ་ཚུ་ བསྒྱུར་བཅོས་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ནེ་པཱལ་ལུ་ཡོད་མི་ མཉམ་འབྲེལ་བ་ཅིག་གིས་ བཟོ་བཀོད་འབད་མི་དེ་ ས་གནས་ཀྱི་ བཟོ་རིག་འགོ་དཔོན་གྱིས་ ངོས་ལེན་འབད་མ་བཏུབ་ཟེར་ཨིནམ་ད་ ལས་འགུལ་གྱི་དོན་ལུ་ ཁག་ཆེ་ཤོས་ར་ བཟོ་སྐྲུན་གྱི་སྤུས་ཚད་དེ་ ཁག་ཆེ་ནི་དེ་གིས་ དེ་ལུ་ གཙོ་རིམ་བཟུང་ཡི་ཟེར་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ ཨོ་རྒྱན་ལྷ་མོ་གིས་འབད་བ་ཅིན་ ནེ་པཱལ་གྱི་ བཟོ་སྐྲུན་ལས་སྡེའི་ བཟོ་རིག་འགོ་དཔོན་གྱིས་ ལས་འགུལ་གྱི་ ས་ཁོངས་ནང་ དུས་ཡུན་ཐུང་སུ་ཅིག་ འོང་ཡོད་རུང་ བཟོ་བཀོད་ཚུ་ ནེ་པཱལ་ལུ་བཟོ་མི་དེ་ ས་ཁོངས་ནང་ལག་ལེན་འཐབ་པའི་སྐབས་ གཅིག་མཚུངས་མེདཔ་ལས་ བཟོ་བཀོད་བསྐྱར་ཞིབ་ འབད་དགོཔ་ཐོན་ཡི་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ ལས་འགུལ་༢ པ་དེ་ བཙོག་གཡུར་གྱི་ ཆུ་དུང་ཚུ་ སྤོ་དགོ་པའི་ཁར་ གློག་ཐག་ཚུ་ ས་ཁོངས་ནང་ལས་ཐོན་མི་ལུ་བརྟེན་ ཀེ་ཨར་སི་ལས་སྡེ་གིས་ ཞག་གྲངས་༢༤༣ དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིན་པས།
ཨོ་རྒྱན་ལྷ་མོ་གིས་ བཤད་མིའི་ནང་ དུས་ཡུན་ཕར་འགྱངས་འབད་མི་དེ་ཡང་ ད་ལྟོ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ལས་ གྲོས་ཐག་མ་བཅད་ཟེར་ཨིནམ་ད་ དེ་གི་དོན་ལུ་ རྒྱལ་སྤྱི་དངུལ་རྩིས་མཉམ་འབྲེལ་ལུ་ གནད་དོན་བསྐྱར་ཞིབ་ཀྱི་དོན་ལུ་ བཏང་ཡོདཔ་ལས་ དེ་དང་འཁྲིལ་ འབད་ནི་ཨིན་ཟེར་ཨིན་པས།
མཉམ་འབྲེལ་ལས་སྡེ་གིས་ ཁྲོམ་སྡེ་ལུ་ གྲོས་སྟོན་དང་ གྲོགས་རམ་ཚུ་འབད་དོ་ཡོདཔ་ད་ ཀེ་སི་ཨར་དེ་ཡང་ མཉམ་འབྲེལ་ལས་སྡེའི་ཐོག་ལས་ གདམ་འཐུ་འབད་ཡོདཔ་ཨིན་པས།
ཁྲོམ་དཔོན་གྱིས་ སླབ་མིའི་ནང་ བཟོ་བཀོད་ཚུ་ག་ར་ བཟོ་རིག་འགོ་དཔོན་དང་ བཟོ་བཀོདཔ་ཚུ་གིས་ ལྟ་ཞིབ་མཐིལ་ཕྱིན་འབད་ཡོདཔ་ལས་ འབྲུག་བཟོ་སྐྲུན་བཟོ་བཀོད་ཀྱི་ ལམ་སྟོན་དང་འཁྲིལ་ ས་ཡོམ་འོང་རུང་ ཐུབ་ཚུགསཔ་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས།
ཨོ་རྒྱན་ལྷ་མོ་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༤ ཟླ་༩ པའི་ཚེས་༡ ལས་འགོ་བཙུགས་ ལས་འགུལ་དེ་ ཀེ་སི་ཨར་ལས་སྡེ་གིས་ དུས་ཡུན་ཟླ་ངོ་༢༢ ཀྱི་རིང་ རྩིས་སྤྲོད་འབད་དེ་ དེ་གི་ཤུལ་ལས་ ཁྲོམ་སྡེ་ལུ་ རྩིས་སྤྲོད་འབད་དགོཔ་སྦེ་ ཨིན་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ གན་ཡིག་དང་འཁྲིལཝ་ད་ ཀེ་སི་ཨར་གྱིས་ ལས་འགུལ་དེ་ དུས་ཡུན་ལོ་ངོ་༢ ཀྱི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་སྦེ་ཨིན་ཟེར་ཨིནམ་ད་ ལཱ་མཇུག་བསྡུའི་ ཚེས་གྲངས་དེ་ཡང་ བཟོ་བཀོད་ཆ་འཇོག་འབད་བའི་ ཚེས་གྲངས་དང་འཁྲིལ་ འགྱོ་ནི་ཨིན་པས།
ལས་འགུལ་དང་པ་ནང་ སྣུམ་འཁོར་༣༥༠ གི་ ཤོང་ཚད་ཡོདཔ་ད་ ལས་འགུལ་༢ པའི་ནང་ སྣུམ་འཁོར་༢༢༠ གི་ ཤོང་ཚུགས་ནི་ཨིནམ་བཞིན་དུ་ སྒྲིང་ཁྱིམ་གཉིས་ཆ་ར་ ཐོག་ཚད་༦ རེ་ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *