ཐིམ་ཕུག་ལུ་ ལས་སྡེ་ཅིག་གིས་ ཀེ་ཧང་ལས་བཏོན་མི་ ཁུ་བ་ཚོང་འབྲེལ་འཐབ་དོ་ཡོདཔ།

༉ ཐིམ་ཕུག་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་པའི་ ས་གནས་ཅིག་ནང་ ཀེ་ཧང་ལས་བཏོན་མི་ ཁུ་བ་གི་སྨན་རིགས་ཚུ་ ཐོན་སྐྱེད་འབད་དེ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།

སྨན་དེ་ཡང་ ལེགས་ཤོམ་སྦེ་ སྒམ་རྐྱབ་ཡོདཔ་མ་ཚད་ མཁོ་འདོད་བཀོད་མི་ ག་ལུ་འབད་རུང་ བཙོང་དོ་ཡོདཔ་ཨིན་པས།

ཀུན་གསལ་གྱིས་ ཐོན་སྐྱེད་ཅིག་གི་ ཤོག་སྒམ་ཐོབ་ཡོདཔ་ད་ དེའི་གུ་ ནང་ན་ཡོད་མི་ ཀེ་ཧང་གི་ ཁུ་བའི་ཚད་གཞི་ མི་ལི་ལི་ཊར་༡༠ དང་ གོང་ཚད་དངུལ་ཀྲམ་༢,༠༠༠ ཆོག་ཐམ་གྱི་ཨང་གྲངས་ དེ་ལས་ འབྲེལ་བ་འཐབ་སའི་ འགྲུལ་འཕྲིན་ཨང་གྲངས་ཚུ་ཡང་ གསལ་བཀོད་འབད་དེ་འདུག།

སྨན་དེ་ ཉོ་ནིའི་དོན་ལུ་ ཌོག་ཊར་ཚུ་ལས་ སྨན་ཡིག་ཚུ་ཡང་ མི་དགོ་དོ་ཡོདཔ་ལས་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་དོ་ཡོདཔ་ཨིན་པས།

སྨན་དེ་གི་ ཕྱི་ཤོག་གུ་ བཀོད་དོ་བཟུམ་འབད་བ་ཅིན་ ཀེན་སར་དང་ ཕག་ནད་ གུ་རམ་ནད་ དབུགས་གཏོང་ལེན་གྱི་ནད་ རུ་ཏོག་གི་ནད་ མཁལ་རྡོག་གི་ནད་ མགུ་ནད་ དེ་ལས་ ན་ཟུག་མ་འདྲཝ་ཚུ་ལུ་ ཕན་ནི་ཨིནམ་སྦེ་ བཀོད་དེ་འདུག།

འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་དང་རྫས་རིག་ལོག་སྤྱོད་ཀྱི་འཕྲི་གནོན་བཅའ་ཁྲིམས་༢༠༡༨ ཅན་མ་དང་འཁྲིལཝ་ད་ ཀེ་ཧང་གི་ ཁུ་བ་དེ་ནང་ སྨན་གྱི་ནུས་པ་མེདཔ་ལས་ བཀག་འཛིན་ཅན་གྱི་སྨྱོ་རྫས་ཨིན་པའི་ དབྱེ་རིམ་དང་པའི་ནང་ ཚུད་ཡོདཔ་ཨིན་པས།

འབྲེལ་ཡོད་དབང་འཛིན་གྱི་ འགོ་དཔོན་ཚུ་ལུ་ གནད་དོན་དེ་གི་སྐོར་ལས་ དྲི་དཔྱད་འབད་བའི་སྐབས་ ཁོང་གིས་ ལས་སྡེ་དེ་ ཧེ་མ་ལས་ ཡོདཔ་ཤེས་ཟེར་ སླབ་ཨིན་པས།

བཅའ་ཁྲིམས་ཀྱི་ལེའུ་༡༤ པ་ སྣ་ཚོགས་དགོངས་དོན་གྱི་ དོན་ཚན་༤༥ པའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དོན་ཚན་༡༤༡༼ཀ༽ པའི་ནང་ ཁྲིམས་འགལ་ཚོང་བསྒྱུར་ཟེར་མི་དེ་ ཀེ་ན་བིས་དང་ དེ་ལས་བཟོ་མི་རིགས་ ཡང་ན་ བཅའ་ཁྲིམས་དེའི་ཟུར་དེབ་༣ པ་ ཡང་ན་༤ པའི་འོག་ལུ་ཡོད་པའི་རྫས་རིགས་ཚུ་ བཅའ་ཁྲིམས་དེའི་ དགོངས་དོན་ལས་འགལ་ཏེ་ དངུལ་འབྲེལ་གྱི་ཕན་ཐོགས་ ཡང་ན་ ཐབས་ལམ་གཞན་གྱི་ཐོག་ལས་ ཕན་ཐོགས་ཀྱི་དོན་ལུ་ བདག་བཟུང་དང་ ཕྱིར་བཙོང་ནང་འདྲེན་འཐབ་ནི་ མཛོད་ཁང་ནང་བཞག་ནི་ བཙོང་ནི་ ཉོ་ནི་ སྐྱེལ་འདྲེན་འབད་ནི་ ནག་ཚོང་འཐབ་ནི བཀྲམ་ནི་ ཡང་ན་ བཀྲམ་སྤེལ་འབད་མི་ཅིག་ལུ་ གོཝ་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *