༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས།
དེ་ཡང་ ཁ་ཙ་ འབྲུག་ཨོ་ལོམ་པིག་ཚོགས་པའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲས་ འཇིགས་རྒྱལ་ཨོ་རྒྱན་དབང་ཕྱུག་མཆོག་གིས་ ཊའི་ཀཱོན་ཌོ་རྩེད་ཁང་ བཟོ་སྐྲུན་འབད་ནིའི་དོན་ལུ་ ས་བསླང་རྟེན་འབྲེལ་ བརྩི་སྲུང་མཛད་མི་ལུ་བརྟེན་ཨིན་པས།
ཊའི་ཀཱོན་ཌོ་གི་མཐུན་རྐྱེན་དེ་ སྤྱི་ལོ་༡༩༧༦ ལུ་ རྐྱབ་མི་གི་ ཚབ་འོང་ནི་ཨིནམ་ད་ ལས་འགུལ་དེ་ཡང་ དངུལ་ཀྲམ་ས་ཡ་༦.༨ ཟད་འགྲོ་གཏང་ཐོག་ལས་ ལོ་༣ གྱི་ནང་འཁོད་ལུ་ བཟོ་སྐྲུན་འབད་ནི་ཨིནམ་ད་ འཆར་དངུལ་དེ་ཡང་ ཀོའི་ཀ་ལས་སྡེ་གིས་ བརྒྱ་ཆ་༩༥ གྲོགས་རམ་འབད་ནི་ཨིན་པས།
ཟད་འགྲོ་བརྒྱ་ཆ་༥ དེ་ གཞུང་གིས་ གཏང་ནི་ཨིནམ་ད་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ མཐུན་རྐྱེན་ནང་ འཐབ་འཛིང་འབད་སའི་ས་ཁོངས་༤ ཡོད་མིའི་ནང་ མི་གྲངས་༡,༢༠༠ དེ་ཅིག་ གཤོང་ཚུགས་ནི་ཨིནམ་བཞིན་དུ་ མཐུན་རྐྱེན་དེ་ རྐྱབ་ཚར་བའི་ཤུལ་ལས་ འབྲུག་གིས་ རྒྱལ་སྤྱིའི་འགྲན་བསྡུར་ཡང་ འགོ་འདྲེན་འཐབ་ཚུགས་ནི་ཨིན་པས།
མཐུན་རྐྱེན་དེ་གིས་མ་དོ་བར་ སྦྱོང་བརྡར་འབད་སའི་ ཁང་མིག་དང་ བདག་སྐྱོང་གི་ཡིག་ཚང་ ཟ་ཁང་ལ་སོགས་པ་ཚུ་ཡང་ འོང་ནི་ཨིན་པས།
འབྲུག་གི་ཊའི་ཀཱོན་ཌོ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ སློབ་སྟོན་པ་ ཡོན་ཏན་མཐར་ཕྱིན་གྱིས་ སླབ་མིའི་ནང་ བཟོ་སྐྲུན་དེ་ཡང་ སྤྱི་ཟླ་༩ པའི་ནང་ འགོ་བཙུགས་ནི་ཨིནམ་ད་ ད་ལྟོ་ ཚོགས་སྡེ་གིས་ བཟོ་སྐྲུན་གྱི་ རིམ་ལུགས་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་ མཐུན་རྐྱེན་དེ་གིས་ ཊའི་ཀཱོན་ཌོ་རྩེད་ནི་ལུ་དགའ་མི་ སྟོང་ཕྲག་བཅད་མི་ཚུ་ལུ་ ལྷན་ཐབས་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིནམ་ད་ རྩེན་འགྲན་པ་ཚུ་གིས་ རྒྱལ་སྤྱིའི་རྟགས་མ་ཡང་ ལེ་ཤ་ཐོབ་ཅི་ཟེར་ཨིན་པས།
སྤྱི་ལོ་༡༩༨༥ ལུ་ འབྲུག་གི་ཊའི་ཀཱོན་ཌོ་ཚོགས་སྡེ་ གཞི་བཙུགས་འབད་བའི་ཤུལ་ལས་ རྒྱལ་སྤྱི་རྩེད་འགྲན་ནང་ གསར་གྱི་རྟགས་མ་༥༡ དངུལ་གྱི་རྟགས་མ་༥༦ དང་ ལི་གི་རྟགས་མ་༩༤ བརྩིས་ཏེ་ རྟགས་མ་༢༠༡ ཐོབ་ཡོདཔ་ཨིན་པས།
ཡོན་ཏན་མཐར་ཕྱིན་གྱིས་ སླབ་མིའི་ནང་ མཐུན་རྐྱེན་གསརཔ་དེ་གིས་ རྒྱལ་ཁབ་ནང་ ལྷག་པར་དུ་ ཊའི་ཀཱོན་ཌོ་རྩེད་རིགས་དེ་ གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་བྱུང་ཚུགས་ནི་ ཨིན་པའི་ཁར་ གསོ་བ་དང བརྩི་མཐོང་ཤེས་ཡོན་གྱི་ ལས་སྡེ་གསརཔ་ཅིག་ཡང་ གཞི་བཙུགས་འབད་འོང་ཟེར་ཨིན་པས།
དེ་མ་ཚད་ མཐུན་རྐྱེན་གསརཔ་དེ་གིས་ འབྲུག་གི་ཊའི་ཀཱོན་ཌོ་ཚོགས་སྡེ་ལུ་ འོང་འབབ་བཟོ་ནི་ལུ་ཡང་ ལྷན་ཐབས་འབྱུང་ནི་ཨིན་པས།
ཡོན་ཏན་མཐར་ཕྱིན་གྱིས་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨོ་རྒྱན་དབང་ཕྱུག་མཆོག་དང་ ཀོའི་ཀ་གཞུང་དེ་ལས་འབྲུག་གི་ཊའི་ཀཱོན་ཌོ་ཚོགས་སྡེའི་ བཀོད་ཁྱབ་འཐུས་མི་ སློབ་སྟོན་པ་ དེ་ལས་ ལུས་རྩལཔ་ཚུ་གིས་ ཊའི་ཀཱོན་ཌོ་གོང་འཕེལ་གཏང་ནི་ རྒྱབ་སྐྱོར་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་བཤད་ཅི།
ཊའི་ཀཱོན་ཌོ་ཚོགས་སྡེའི འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཊའི་ཀཱོན་ཌོ་རྩེ་ནི་ལུ་ སྤྲོ་བ་བསྐྱེད་མི་ གྱངས་ཁ་ཡར་སེང་སོང་མི་ལུ་བརྟེན་ ད་ལྟོའི་མཐུན་རྐྱེན་ནང་ སྦྱོང་བརྡར་འབད་ས་ མ་ཤོང་པའི་དཀའ་ངལ་ཐོན་ཏེ་ཡོདཔ་ད་ ལ་ལོ་གིས་འབད་བ་ཅིན་ མཐུན་རྐྱེན་དེ་ རྙིངམ་ཐལ་ཡོདཔ་ལས་ ཉེན་ཁ་ཡང་ འདུག་ཟེར་ཨིན་པས།
འབྲུག་དང་ བང་ལ་དེཤ་གི་ ཀོའི་ཀ་ལས་སྡེའི་ གནས་བཞུགས་མདོ་ཆེན་ ཡོང་གཱཆ་ དཱོ་གིས་ སླབ་མིའི་ནང་ ཊའི་ཀཱོན་ཌོ་དེ་ དམིགས་བསལ་དུ་ ན་གཞོན་ཚུ་ ཕྱི་ནང་གི་སེམས་ གོང་འཕེལ་གཏང་ནིའི་དོན་ལུ་ གལ་གནད་ཅན་གྱི་ རྩེད་རིགས་ཅིག་ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཀོའི་ཀ་གིས་ འབྲུག་གི་ཊའི་ཀཱོན་ཌོ་ལས་རིམ་ནང་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
ས་བསླང་རྟེན་འབྲེལ་ནང་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་དང་ ཀོའི་ཀ་ལས་སྡེ་ཡིག་ཚང་ལས་འགོ་དཔོན་ ཞི་གཡོགཔ་ དེ་ལས་ ཊའི་ཀཱོན་ཌོ་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ད་རེས་ རྒྱལ་ཁབ་ནང་འཁོད་ལས་ ཊའི་ཀཱོན་ཌོ་ཚོགས་སྡེའི་འཐུས་མི་༢༧,༠༠༠ དེ་ཅིག་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།