ཐིམ་ཕུག་ལུ་ རྒྱལ་སྤྱི་ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་རྩ་མེད་གཏང་ནིའི་ཉིནམ་བརྩི་སྲུང་།

༉ རི་ནིའུ་ཟེར་ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ འགོ་འདྲེན་ཐོག་ལས་ སྤྱི་ཟླ་༡༡ པའི་ཚེས་༢༥ ལུ་ ཐིམ་ཕུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ འཁྲབ་སྟོན་ཁང་ནང་སྦེ་ ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་རྩ་མེད་གཏང་ནིའི་དོན་ལས་ རྒྱལ་སྤྱིའི་ཉིནམ་ བརྩི་སྲུང་འབད་སར་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་ཡོདཔ་ཨིན་པས།
རྒྱལ་སྤྱིའི་ཉིནམ་དེ་ འཛམ་གླིང་ནང་ ཨམ་སྲུ་དང་ བུམོ་ཕུད་རྡོག་གཅིག་ལུ་ཡང་ རྩུབ་སྤྱོད་མེདཔ་བཟོ་ནིའི་ བརྗོད་དོན་གུ་ འབྲུག་ལུ་ རྩུབ་སྤྱོད་རྩ་མེད་གཏང་ཐབས་ལུ་ མི་སྡེའི་མཉམ་འབྲེལ་དང་ ངོས་ལེན་རྩ་བརྟན་བཟོ་ནིའི་ བརྗོད་དོན་ཐོག་ལུ་ བརྩི་སྲུང་འབད་ནུག།
དེ་མ་ཚད་ དུས་ཅི་ འཛམ་གླིང་རྒྱལ་སྤྱིའི་ཉིནམ་དེ་ རི་ནིའུ་ལས་སྡེའི་ མི་སྡེ་དང་འབྲེལ་བའི་ རྒྱབ་སྐྱོར་ལམ་ལུགས་ཀྱི་ ཁས་བླངས་པ་ཚུ་གིས་ ལྷན་ཐབས་འབད་མི་ལུ་ བཀྲིན་དགའ་ཚོར་བསྐྱེད་ནི་གི་ ས་གོ་ཅིག་སྦེ་ཡང་ ལག་ལེན་འཐབ་ཡོདཔ་ཨིན་པས།
ཉིནམ་བརྩི་སྲུང་སྐབས་ མི་དབང་རྒྱལ་ཡུམ་མཆོག་གིས་ མི་སྡེའི་མཉམ་འབྲེལ་ རྩ་བརྟན་བཟོ་ནིའི་ནང་ ལྷན་ཐབས་འབད་མི་ ཁས་བླངས་པ་ཚུ་གི་ ཆེད་དུ་དམིགས་ཏེ་ དཔེ་སྐྲུན་འབད་མི་ དཔེ་དེབ་ཅིག་ གསར་བཏོན་གནང་ཡོདཔ་མ་ཚད་ རི་ནིའུ་ལས་སྡེ་ལུ་ ཁྱད་རིག་དང་ལྡན་པའི་ རྒྱབ་སྐྱོར་འབད་མི་ ཁས་བླངས་པ་༤ དང་ ལོ་ངོ་༡༠ གྱི་རིང་ མི་སྡེའི་ཞབས་ཏོག་ འཕྲོ་མཐུད་ཞུ་མི་ མི་སྡེ་དང་འབྲེལ་བའི་ རྒྱབ་སྐྱོར་ལམ་ལུགས་ཀྱི་ ཁས་བླངས་པ་༧ ལུ་ ཡིད་ཆེས་ངལ་རངས་ཀྱི་ ངོས་འཛིན་ལག་ཁྱེར་ཚུ་ གནང་ཡོད་པའི་གནས་ཚུལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *