ཐིམ་ཕུག་ཝང་བར་མ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་ དུས་སྟོན་གྱི་དོན་ལུ་ འཁྲབ་སྟོན་སྦྱང་བ་འབད་བའི་བསྒང་།

ཐིམ་ཕུག་ལུ་ རྒྱལ་ཡོངས་འཁྲབ་སྟོན་ དུས་སྟོན་དང་པའི་ནང་ སློབ་གྲྭ་༥༠ གིས་གྲལ་གཏོགས།

༉ ད་རེས་ནངས་པར་ པདྨ་དགའ་ཚལ་ གཡུ་རུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་ རྒྱལ་ཡོངས་འཁྲབ་སྟོན་ དུས་སྟོན་གྱི་དོན་ལུ་ གདུང་བསམ་རྒྱ་དྲུང་ཟེར་མི་ འཁྲབ་སྟོན་གྱི་ སྦྱང་བ་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དུས་སྟོན་ནང་ བཅའ་མར་གཏོགས་མི་ རྒྱལ་ཁབ་ཀྱི་ སློབ་གྲྭ་གཞན་༤༩ གིས་ཡང་ སྦྱང་བ་ཚུ་ འབད་བཞིན་དུ་ ཡོདཔ་ཨིན་པས།
གཡུ་རུང་སློབ་གྲྭ་ལྟེ་བ་གིས་ འཁྲབ་སྟོན་དེ་ཡང་ གཡུ་རུང་གཡུས་ཚན་གྱི་ གདུང་བསམ་རྒྱ་དྲུང་ཟེར་ ལམ་སྲོལ་དང་འབྲེལ་བའི་ སྲུང་ཡོད་མི་གུ་ གཞི་བཞག་ཐོག་ལས་ བཟོ་ཡོདཔ་ད་ སློབ་ཕྲུག་ཚུ་གིས་ འཁྲབ་སྟོན་གྱི་ སྦྱང་བ་དེ་ཡང་ ཟླཝ་༡ གི་ ཧེ་མ་ལས་ འབད་ནི་ འགོ་བཙུགས་ནུག།
གཡུ་རུང་སློབ་གྲྭ་གིས་ རྫོང་ཁག་གི་ གནས་ཚད་ནང་ སྤྱི་ཟླ་༧ པའི་ཚེས་༢༧ ལུ་ འགྲན་བསྡུར་འབད་བའི་སྐབས་ ཨང་དང་པ་ ཐོན་ཡོདཔ་བཞིན་དུ་ པདྨ་དགའ་ཚལ་འབྲིང་རིམ་སློབ་གྲྭ་བར་མ་གིས་ ཨང་༢ པ་ཐོན་ཡོདཔ་ལས་ སློབ་གྲྭ་དེ་གཉིས་ཀྱིས་ རྒྱལ་ཡོངས་འཁྲབ་སྟོན་ནང་ བཅའ་མར་གཏོགས་ནི་ཨིན་པས།
ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཚུ་ནང་ འཁྲབ་སྟོན་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ རྒྱལ་རབས་ཅན་གྱི་ རྒྱལ་ཡོངས་འཁྲབ་སྟོན་དུས་སྟོན་ སྤྱི་ལོ་༢༠༡༧ ཅན་མ་དེ་ཡང་ ཐིམ་ཕུག་ལུ་སྦེ་ འགོ་དང་པ་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་ཡང་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སྤྱི་ཟླ་༨ པའི་ཚེས་༡༦ གི་ ཕྱི་རུའི་ཆུ་ཚོད་༦ ལས་ མི་མང་ལུ་ རིན་མེད་སྟོང་པ་སྦེ་ སྤྱན་འབུལ་ཞུ་ནི་ཨིན་པས།
འཁྲབ་སྟོན་ནང་ རྒྱལ་ཁབ་ནང་འཁོད་ལས་ དྲག་ཤོས་ཐོན་མི་ སློབ་གྲྭ་༥༠ དེ་ཅིག་གིས་ ཉིན་གྲངས་༥༠ གི་རིང་ལུ་ ཤེགསི་པེ་ཡར་གྱི་ འཁྲབ་སྟོན་༡༧ དང་ ཤེགསི་པེ་ཡར་མེན་པའི་འཁྲབ་སྟོན་༢༣ དེ་ལས་ རྫོང་ཁའི་འཁྲབ་སྟོན་༧ བརྩིས་ཏེ་ འཁྲབ་སྟོན་༥༠ སྤྱན་འབུལ་ཞུ་ནི་ཨིན་པས།
ཁ་ཙ་ གནད་དོན་དེ་གི་སྐོར་ལས་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ བཤད་མིའི་ནང་ དུས་སྟོན་གྱི་དོན་ལུ་ སློབ་གྲྭ་ཚུ་ནང་ འཁྲབ་སྟོན་༢༠༠ དེ་ཅིག་ རྫོང་ཁག་གི་ གནས་ཚད་ནང་ འགྲན་བསྡུར་འབད་ཐོག་ལས་ ད་རེས་ རྫོང་ཁག་རེ་ལས་ འཁྲབ་སྟོན་དྲག་ཤོས་༢ དེ་རེ་ གདམ་འཐུ་འབད་དེ་ཡོད་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་ འབད་བ་ཅིན་ འཁྲབ་སྟོན་དེ་གི་ཐོག་ལས་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་དང་ ཨིང་སྐད་ སྒྲ་ཏོག་ཏོ་སྦེ་སླབ་ཚུགས་ནི་དང་ རིག་རྩལ་དང་ ལྕོགས་གྲུབ་ཡར་དྲག་གཏང་ནི་ལུ་ ཁེ་ཕན་ཡོདཔ་མ་ཚད་ རང་སོའི་བློ་སྟོབས་ཚུ་ གོང་འཕེལ་གཏང་ནི་དང་ ཀུན་ཚང་ཤེས་ཡོན་འཐོབ་ནི་ལུ་ ལྷན་ཐབས་སྦོམ་ འབྱུང་ཚུགས་ཟེར་ཨིན་པས།
སློབ་གྲྭའི་རྩ་གཞུང་ནང་ འཁྲབ་སྟོན་ཤེགསི་པེ་ཡར་དེ་ ལོག་འགོ་བཙུགས་ནི་གི་དོན་ལུ་ ན་ཧིང་ རྒྱལ་ཡོངས་ཤེས་རིག་གྲོས་འཛོམས་ནང་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ རྩ་གཞུང་ནང་ བཙུགས་པའི་ཤུལ་ལས་ སློབ་གྲྭ་མང་ཤོས་ཀྱིས་ འཁྲབ་སྟོན་གྱི་ སྡེ་ཚན་ཚུ་ བཟོ་བའི་ཁར་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་ཡང་འབད་ནི་ འགོ་བཙུགས་ནུག།

གཡུ་རུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་ འཁྲབ་སྟོན་སྦྱང་བ་འབད་བའིབསྒང་།

དེ་འབདཝ་ལས་ འཁྲབ་སྟོན་དེ་གིས་ ཤེགསི་པེ་ཡར་གྱི་ ཆོས་ཚན་ལུ་ཡང་ ལྷན་ཐབས་འབྱུང་ནི་ཨིན་པས།
ཤེས་རིག་བློན་པོ་གིས་ བཤད་མིའི་ནང་ འཁྲབ་སྟོན་དེ་ལུ་བརྟེན་ ན་གཞོན་༨,༠༠༠ དེ་ཅིག་གིས་ རང་སོའི་རིག་རྩལ་བཏོན་ནིའི་ གོ་སྐབས་ ཐོབ་ཡོདཔ་བཞིན་དུ་ སློབ་ཕྲུག་ལ་ལོ་ཅིག་ལུ་ གཞན་དང་མ་འདྲཝ་བའི་ ལྕོགས་གྲུབ་འདུག་ཟེར་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༤ ལུ་ མཇུག་བསྡུ་ནི་ཨིན་མི་ ལས་རིམ་དེ་ནང་ སློབ་གྲྭ་༥༠ ནང་ལས་ སློབ་ཕྲུག་དང་ སློབ་དཔོན་བརྩིས་ཏེ་ མི་ངོ་༡,༥༠༠ གིས་ བཅའ་མར་གཏོགས་དོ་ཡོདཔ་ད་ སློབ་ཕྲུག་ལ་ལོ་ཅིག་ ཐིམ་ཕུག་ལུ་ འགོ་དང་པ་ འོང་དོ་ཡོདཔ་ཨིན་པས།
སློབ་གྲྭ་ཚུ་གིས་ འཁྲབ་སྟོན་གྱི་ དོན་ཚན་དེ་ཡང་ ཁོང་ར་གིས་ གདམ་འཐུ་འབད་ཡོད་པའི་ཁར་ བཅའ་མར་གཏོགས་མི་ཚུ་ཡང་ རང་སོའི་དང་འདོད་དང་འཁྲིལ་ཏེ་ འོང་ཡོདཔ་ཨིན་པས།
ཀརྨ་གླིང་འབྲིང་རིམ་སློབ་གྲྭ་གོང་མ་གིས་ རྫོང་ཁའི་འཁྲབ་སྟོན་ གླིང་གེ་སར་རྒྱལ་པོ་དང་ བུམ་ཐང་སྟང་སློབ་གྲྭ་ལྟེ་བ་གིས་ དྲག་པོའི་མི་གི་བློ་གཏད་ དབྱངས་ཅན་ཕུག་འབྲིང་རིམ་གོང་མ་གིས་ རྒྱུ་འབྲས་རྣམ་ཤེས་ གཞལམ་སྒང་སློབ་གྲྭ་གིས་ ཞི་བདེའི་ནོར་བུ་ ལུང་བསྟན་ཟམ་པ་སློབ་གྲྭ་གིས་ མི་ལ་རས་པ་ དེ་ལས་ འཆི་མི་ཐང་སློབ་གྲྭ་ལྟེ་བ་གིས་ ལས་རྒྱུ་འབྲས་ཀྱི་ འཁྲབ་སྟོན་ཚུ་ སྤྱན་འབུལ་ཞུ་ནི་ཨིན་པས།
དེ་ལས་ འཁྲབ་སྟོན་གཞན་ག་ར་ ཨིང་སྐད་ཐོག་ལུ་ སྤྱན་འབུལ་ཞུ་ནི་ཨིན་པས།
དུས་སྟོན་དེ་ཡང་ ཤེས་རིག་བློན་པོ་གིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལས་རིམ་དེ་ ད་ལས་ཕར་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནིའི་ ལས་རིམ་ཡོདཔ་ཨིན་པས།
འཁྲབ་སྟོན་ནང་ བཅམ་མར་གཏོགས་མི་ སློབ་ཕྲུག་ཚུ་ཡང་ ཐིམ་ཕུག་ལུ་ རང་སོའི་འཁྲབ་སྟོན་གྱི་ སྐོར་རྒྱབ་ལུ་ལྷོདཔ་ད་མ་གཏོགས་ མི་འོང་ནི་ཨིནམ་ད་ འཁྲབ་སྟོན་ནང་ལས་ དྲག་ཤོས་ཐོན་མི་༣ ལུ་ གསོལ་རས་ཚུ་ཡང་ བྱིན་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *