ཁྲོམ་སྡེའི་ས་ཁོངས་ནང་ ཕྱགས་སྙིགས་ཞིབ་དཔྱད་འབད་བའི་བསྒང་།

ཐིམ་ཕུག་ལུ་ ཕྱགས་སྙིགས་འཛིན་སྐྱོང་གི་ ཁྲིམས་ལུགས་ལུ་མ་གནས་མི་༡༤༡ དེ་ཅིག་ལུ་ ཉེས་བྱ་བཀལ་ཡོདཔ།

༉ ཐིམ་ཕུག་ཁྲོམ་གྱི་ ལྕང་ལམ་བདའ་སྟེ་ ཟ་ཁང་ཅིག་གི་ རྒྱབ་ཁར་ཡོད་པའི་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ ཤིང་གི་ཨེན་ཏ་དང་ ཤོག་པང་ངམ་ ཤིང་སྒྲོམ་ཚུ་ བཞག་ཡོདཔ་ཨིན་པས།

ཁྲོམ་སྡེའི་གཙང་སྦྲ་ཞིབ་དཔྱོདཔ་ཚུ་གིས་ ཕྱགས་སྙིགས་དེ་ ཟ་ཁང་ནང་ལས་ ཐོན་ཐོནམ་ཨིན་ན་མེན་ན་ ངེས་བརྟན་བཟོ་ནིའི་དོན་ལུ་ ཟ་ཁང་གི་ འཛིན་སྐྱོང་པ་དང་གཅིག་ཁར་ ཕྱད་ཡོདཔ་བཞིན་དུ་ ཕྱགས་སྙིགས་དེ་ ཟ་ཁང་གི་ཨིནམ་ལས་ ཕྱགས་སྙིགས་སྔོན་འགོག་དང་ འཛིན་སྐྱོང་ཁྲིམས་ལུགས་༢༠༡༦ ཅན་མ་དང་འཁྲིལ་ ཟ་ཁང་དེ་ལུ་ ཉེས་བྱ་དངུལ་ཀྲམ་༥༠༠བཀལ་ཡོདཔ་ཨིན་པས།

སྤྱི་ཟླ་༡༡ པའི་ཚེས་༡༦ ལུ་ ཁྲོམ་སྡེའི་ཞིབ་དཔྱོདཔ་ཚུ་གིས་ ཁྲོམ་སྡེའི་ནང་ ཕྱགས་སྙིགས་སྔོན་འགོག་དང་ འཛིན་སྐྱོང་ཁྲིམས་ལུགས་ལུ་ མ་གནས་མི་ ཚོང་ལས་ཇོ་བདག་༥༡ དང་ གཙུག་སྡེ་༧ ལུ་ ཉེས་བྱ་ཚུ་ བཀལ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཕྱགས་སྙིགས་འཛིན་སྐྱོང་ཚོགས་ཆུང་ལས་ འགོ་དཔོན་སྡེ་ཚན་ཅིག་གིས་ ཐིམ་ཕུག་གི་ འཛུལ་སྒོ་ལས་ ཁ་ས་གྲབ་ཅུ་ཁྲོམ་ཚུན་ ཚོང་ལས་ཇོ་བདག་༧༩ དང་ ཁྱིམ་གྱི་ཇོ་བདག་༤ ལུ་ཡང་ ཉེས་བྱ་བཀལ་ཡོདཔ་ཨིན་པས།

ཕྱགས་སྙིགས་འཛིན་སྐྱོང་ཚོགས་ཆུང་གིས་ ད་ལས་ཕར་ རྒྱལ་ཁབ་ནང་ ཕྱགས་སྙིགས་འཛིན་སྐྱོང་ལམ་ལུགས་དེ་ དམ་དམ་སྦེ་ ལག་ལེན་འཐབ་ནི་ཨིནམ་བཞིན་དུ་ ཚོགས་ཆུང་དེ་ བློན་ཆེན་གྱིས་ བཀོད་རྒྱ་གནང་མི་དང་བསྟུན་ ཟླཝ་འདི་ནང་ གཞི་བཙུགས་འབད་ཡོདཔ་ཨིན་པས།

ཚོགས་ཆུང་དེ་ནང་ འབྲུག་རྒྱལ་པོའི་ དྲུང་ཆེན་ཡིག་ཚང་དང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ རྒྱལ་ཡོངས་ས་འཇལ་ལྷན་ཚོགས་ ཞབས་ཏོག་ལྷན་ཁག་ བདེ་སྲུང་ཡིག་ཚང་ དེ་ལས་ ཐིམ་ཕུག་རྫོང་ཁག་དང་ རྒྱལ་ཡོངས་རང་བཞིན་མཐའ་འཁོར་གནས་སྟངས་ དྲུང་ཆེན་ཡིག་ཚང་ཚུ་ལས་ འགོ་དཔོན་ཚུ་ ཡོདཔ་ཨིན་པས།

འབྲུག་རྒྱལ་པོའི་ དྲུང་ཆེན་ཡིག་ཚང་འོག་གི་ གྲུབ་འབྲས་འཛིན་སྐྱོང་ཡིག་ཚང་གི་ འགོ་འཛིན་ཡང་ཨིན་མི་ ཚོགས་ཆུང་གི་ཁྲི་འཛིན་ ཀརྨ་ཡོན་ཏན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕྱགས་སྙིགས་དེ་ ཚ་གྱང་ཅན་ཅིག་ཨིནམ་ལས་ བདག་འཛིན་འཐབ་དགོཔ་སྦེ་ གསུངས་གནང་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཕྱགས་སྙིགས་འཛིན་སྐྱོང་ཚོགས་ཆུང་དེ་ རྒྱལ་ཁབ་ནང་ ཕྱགས་སྙིགས་ཀྱི་གནས་སྟངས་ ག་དེ་སྦེ་ ཡར་དྲགས་གཏང་ཚུགས་ག་ བལྟ་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ གོ་བརྡ་སྤྲོད་ནི་དང་ ཕྱགས་བརྡར་ལས་རིམ་ལ་སོགས་པའི་ ཐབས་ལམ་ཚུ་བཏོན་རུང་ གྲུབ་འབྲས་དེ་ཅིག་ མིན་འདུག་ཟེར་ཨིན་པས།

ད་ལས་ཕར་ ཕྱགས་སྙིགས་འཛིན་སྐྱོང་གི་ཐད་ཁར་ དམ་དམ་འབད་དགོ་པས་ཟེར་ ཨིནམ་བཞིན་དུ་ ཐབས་ལམ་ལེགས་ཤོམ་དེ་ར་ ཕྱགས་སྙིགས་བཀོ་མི་ཚུ་ལུ་ ཉེས་བྱ་བཀལ་ནི་དེ་རྐྱངམ་གཅིག་ཨིན་མས་ཟེར་ ཀརྨ་ཡོན་ཏན་གྱིས་ བཤདཔ་ཨིན་པས།

རྒྱལ་ཁབ་ནང་ ཕྱགས་སྙིགས་འཛིན་སྐྱོང་ ཡར་དྲག་གཏང་ནི་དང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནིའི་དོན་ལུ་ རང་བཞིན་གནས་སྟངས་དང་མཐུན་པའི་ ཐབས་ལམ་ཚུ་ འཚོལ་ཞིབ་འབད་ཐབས་ལུ་ ཚོགས་ཆུང་གིས་ བསྐྱར་ཞིབ་འབད་དེ་ སྲིད་བྱུས་དང་ ཁྲིམས་ལུགས་ལ་སོགས་པའི་ བསྒྱུར་བཅོས་ཀྱི་ གྲོས་འདེབས་ཚུ་ བཀོད་ནི་ཨིན་པས།

ཚོགས་ཆུང་གིས་ ཕྱགས་སྙིགས་འཛིན་སྐྱོང་ལག་ལེན་ནང་ སྤྲོ་བ་བསྐྱེད་བཅུག་ནི་དང་ མི་མང་ལུ་ བདག་དབང་བཙུགས་ཐབས་ལུ་ ཞབས་ཏོག་དང་ སྤྲོ་བ་བསྐྱེད་ཚུགས་པའི་ མཐུན་རྐྱེན་ལ་སོགས་པའི་ རྒྱབ་སྐྱོར་ཚུ་ ངེས་བརྟན་བཟོ་ནི་ཨིནམ་བཞིན་དུ་ རང་བཞིན་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཕྱགས་སྙིགས་ཀྱི་ ཉེས་སྤྱོད་དང་ ཉེས་བྱ་བསྐྱར་ཞིབ་འབད་མི་དེ་ འཕྲལ་མགྱོགས་ར་ ལག་ལེན་འཐབ་ནི་ཨིན་པས།

རྫོང་ཁག་ག་རའི་ནང་ ལག་ལེན་འཐབ་བཏུབ་མི་ ཉེས་སྤྱོད་གསརཔ་༣ དེ་ བཟོ་སྐྲུན་གྱི་ཅ་ཆས་དང་ ས་བརྐོ་མི་ཚུ་བརྩིས་ཏེ་ ཕྱགས་སྙིགས་ཀྱི་རིགས་ཚུ་ སྔོན་འགོག་འབད་ནིའི་ནང་ འཐུས་ཤོར་བྱུང་མི་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ཚོན་བཏང་སྟེ་ཡོད་མི་ ཕྱགས་སྙིགས་གསོག་འཇོག་མཐུན་རྐྱན་ནམ་ ཕྱགས་སྙིགས་ཧོད་ཚུ་བྱིན་ནི་ལུ་ འཐུས་ཤོར་མི་ དེ་ལས་ སྒྲིག་གཡོག་ནང་ཡོད་མི་ འགོ་དཔོན་ཚུ་དང་གཅིག་ཁར་ མཐུན་འབྲེལ་འབད་ནིའི་ནང་ འཐུས་ཤོར་བྱུང་མི་ཚུ་ལུ་ ཉེས་བྱ་སྦོམ་སྦེ་ར་ ཕོག་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *