ཐིམ་ཕུག་ལུ་ དོས་སྐྱེལ་འདྲེན་འབད་མི་ཚུ་ འབྲེལ་ཡོད་སྒོ་ར་ལས་ སྣ་ཁྲིད་ཐོག་བསྐྱལ་ནི།

༉ ཐིམ་ཕུག་ལུ་ འགྲུལ་སྐྱོད་བཀག་དམ་འབད་དེ་ ཉིན་གྲངས་༡༥ ལངམ་བཞིན་དུ་ ད་རིས་ལས་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ བཀོད་རྒྱ་དང་བསྟུན་ ད་རིས་ལས་ སྐྱེལ་འདྲེན་སྣ་ཁྲིདཔ་༼སྐྱེལ་མ༽ ལམ་ལུགས་ ལག་ལེན་འཐབ་ནི་ འགོ་བཙུགས་ནུག།
དེ་ཡང་ ཅ་ཆས་ཚུ་ ཐིམ་ཕུག་ལུ་ སྐྱེལ་འདྲེན་འབད་ནི་དང་ ཐིམ་ཕུག་བརྒྱུད་དེ་ རྫོང་ཁག་གཞན་ཚུ་ནང་ ཅ་ཅས་སྐྱེལ་འདྲེན་འབད་བའི་སྐབས་ལུ་ སྣ་ཁྱིདཔ་ཚུ་གིས་སྦེ་ དོས་ཕབ་ས་ཚུན་ བསྐྱལ་ནི་ཨིན་པས།
སྐྱེལ་འདྲེན་གྱི་ སྐྱེལ་མ་བཙུགས་མི་དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ འཕྱལ་འགྱོ་ནིའི་ ཉེན་ཁ་མར་ཕབ་དང་ འགྲུལ་སྐྱོད་བཀག་དམ་སྐབས་ ཉེར་མཁོའི་ཅ་ཆས་ཚུ་ རྒྱུན་མ་ཆད་པར་ མཁོ་སྤྲོད་འབད་ཚུགསཔ་ ངེས་བརྟན་བཟོ་ཐབས་ལུ་ཨིན་པས།
སྐྱེལ་མ་དེ་ཡང་ ལྷོ་ཕྱོགས་ལས་ ཐིམ་ཕུག་ལུ་ དོས་འབག་སྟེ་འོང་མི་ སྣུམ་འཁོར་ཚུ་ ཐིམ་ཕུག་འཛུལ་སྒོའི་ སྒོ་ར་ལས་ འགོ་བཙུགས་ཏེ་ དོས་ཕབ་སའི་ འབྲེལ་ཡོད་ས་ཁོངས་ཚུན་དང་ ཤར་ཁ་ཐུག་ལས་ ཐིམ་ཕུག་ཕྱོགས་ལུ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་གི་དོན་ལུ་ ལྷུང་མཚོ་ལས་ དོས་ཕབ་སའི་ ས་ཁོངས་ཚུན་ སྣ་ཁྲིད་འབད་མི་ གཏང་ནི་ཨིན་པས།
སྣུམ་འཁོར་ཚུ་ནང་ལས་ དོས་ཕབ་ནི་ཚུ་ ཕྱི་རུའི་ཆུ་ཚོད་༩ ཚུན་ བྱིན་ནི་དང་ དེད་གཡོགཔ་ཚུ་ དོས་ཕབ་ཚར་བའི་ཤུལ་ལུ་ དེ་འཕྲོ་ལས་ ཐིམ་ཕུག་ལས་ ལོག་འགྱོ་བའི་སྐབས་ སྣ་ཁྲིདཔ་ཚུ་གིས་ འཛུལ་སྒོ་ཚུན་ བསྐྱལ་འོང་ཟེར་ བློན་ཆེན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
ཐོ་བཀོད་འབད་ཐངས།
སྐྱེལ་མ་ལམ་ལུགས་ ལག་ལེན་འཐབ་ནི་དང་ སྣུམ་འཁོར་ཚུ་ ལེགས་ཤོམ་སྦེ་ འགྲོ་འགྲུལ་འབད་ཚུགས་ནིའི་དོན་ལུ་ ཉེར་མཁོའི་ཅ་ཆས་དང་ མེ་རླུང་རྒྱ་རྫི་ལ་སོགས་པ་ བཀྲེལ་སྤེལ་འབད་མི་ ཡང་ཅིན་ དོས་འབག་མི་ སྣུམ་འཁོར་གྱི་ དེད་གཡོགཔ་ཚུ་གིས་ བསྟན་རྒྱས་ལྷན་ཁག་གི་ འབྲེལ་འཛིན་འགོ་དཔོན་ བདེ་ཆེན་བཟངམོ་དང་ འགྲུལ་འཕྲིན་ཨང་༧༧༡༠༣༧༧༧ གློག་ཡིག་[email protected] དང་ ཀུན་ལེགས་གཡང་འཛོམས་ལུ་ འགྲུལ་འཕྲིན་ཨང་༡༧༢༡༥༨༨༨ གློག་ཡིག་ [email protected] ཐོག་ལས་ ཐོ་བཀོད་འབད་དགོཔ་ཨིན་པས།
དེ་ལས་ སོ་ནམ་དང་ སྒོ་ནོར་ཐོན་སྐྱེད་ཚུ་གི་དོན་ལུ་ སོ་ནམ་ལྷན་ཁག་གི་ འབྲེལ་འཛིན་འགོ་དཔོན་ ཀརྨ་ཚེ་རིང་དང་ འགྲུལ་འཕྲིན་ཨང་༡༧༡༡༦༥༠༥ གློག་ཡིག་ [email protected] ༼སོ་ནམ་ཐོན་སྐྱེད་ཚུ་གི་དོན་ལུ༽ དང་ འཇིགས་མེད་དབང་ཕྱུག་ལུ་ འགྲུལ་འཕྲིན་ཨང་༡༧༧༠༨༡༦༩ གློག་ཡིག་ཨང་ [email protected] ༼སྒོ་ནོར་ཐོན་སྐྱེད༽ ཐོག་ལས་ འབྲེལ་བ་འཐབ་དགོཔ་ཨིན་པས།
བཟའ་ཆས་དང་ ཉེར་མཁོའི་ཅ་ཆས་ སོ་ནམ་དང་ སྒོ་ནོར་གྱི་ ཐོན་སྐྱེད་མེན་པའི་ ཅ་ཆས་གཞན་ཚུ་གི་དོན་ལུ་ མི་མང་ཞབས་ཏོག་ལྟེ་བའི་ཨང་གྲངས་༡༠༡༠ ཐོག་ལུ་ ཐོ་བཀོད་འབད་དགོ་ཟེར་ཨིན་པས།
དབྱེ་དཔྱད་བྱ་རིམ་མཇུག་བསྡུ་སྟེ་ ཞིབ་དཔྱད་སྒོ་ར་འཛིན་སྐྱོང་ལམ་ལུགས་ནང་ ཁ་གསལ་ཚུ་ བཀོད་ཞིནམ་ལས་ འགྲུལ་སྐྱོད་འབད་ཆོག་པའི་ གནང་བ་དེ་ འགྲུལ་འཕྲིན་ནང་ བརྡ་འཕྲིན་ཨེསི་ཨེམ་ཨེསི་ཐོག་ལུ་ བསྐྱལ་ནི་ཨིན་པས།
དེད་གཡོགཔ་ཚུ་ལུ་ ལག་ལེན་བཀོད་རྒྱ།
སྣུམ་འཁོར་ཚུ་ ཐིམ་ཕུག་ལུ་ དོས་ཕབ་བཀལ་འབད་སའི་ ས་ཁོངས་ནང་ལྷོདཔ་ད་ དེད་གཡོགཔ་ཚུ་ ཕྱི་ཁར་མ་ཐོན་པར་ སྣུམ་འཁོར་ནང་ར་ སྡོད་དགོཔ་བཞིན་དུ་ དེད་གཡོགཔ་ཚུ་གིས་ རང་དང་གཅིག་ཁར་ བཞེས་སྒོ་དང་ཆུ་འབག་འོང་དགོཔ་ལས་ དོས་ཕབ་སའི་ ས་ཁོངས་ནང་ མི་ག་དང་ཡང་ འབྲེལ་བ་འཐབ་ནི་མི་འོང་ཟེར་ཨིན་པས།
དེད་གཡོགཔ་ཚུ་གིས་ ལག་ལེན་འཐབ་ནིའི་དོན་ལུ་ བཀྲམ་སྤེལ་བ་/སྦུང་ཚོང་པ་ཚུ་གིས་ དོས་བཞག་ཁང་ནང་ ཕར་ཚུར་འབག་བཏུབ་པའི་ གསང་སྤྱོད་ཅིག་ བཞག་དགོཔ་བཞིན་དུ་ དེད་གཡོགཔ་གང་རུང་གིས་ གསོ་བའི་སྒྲིག་གཞི་ཚུ་ལུ་ མ་གནས་མི་རེ་འཐོན་པ་ཅིན་ ཁྲིམས་ལུགས་དང་འཁྲིལ་ དང་ལེན་འབད་ནི་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *