སྤ་རོ་ཤར་པ་སློབ་གྲྭ་ནང་ལས་ མི་༢ ལུ་ ནད་ཡམས་ཀོ་བིཌ-༡༩ ཐོབ་ཡོད་པའི་ ངོས་བཟུང་འབད་བའི་ཤུལ་ལུ་ ཁ་ཙ་ ཤར་པ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ ཀོ་བིཌ-༡༩ འི་བརྟག་དཔྱད་འབད་ནི་ འགོ་བཙུགས་ནུག།

ཐིམ་ཕུག་ལུ་ ཉིནམ་རེ་ལུ་ མི་༡༣ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་དོ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ ཐིམ་ཕུག་གི་ མི་སྡེ་ནང་ལས་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་པའི་ཤུལ་ལས་ སྤྱིར་སྙོམས་ལུ་ ཉིནམ་རེ་ནང་ མི་༡༣ ལུ་ ནད་འབུབ་ཐོབ་ནུག།

འདས་པའི་ཆུ་ཚོད་༢༤ འི་ནང་འཁོད་ལུ་ རྒྱལ་ཁབ་ནང་ མི་༢༡ ལུ་ ཀོ་བིཌ-༡༩ ཐོབ་ཡོད་པའི་ གྲུབ་འབྲས་ཐོན་མི་ཚུ་ཡང་ ཐིམ་ཕུག་གི་ ཚ་རིམས་སྨན་བཅོས་ལྟེ་བ་ཚུ་ནང་ གླ་འཁོར་གྱི་དེད་གཡོགཔ་༣༠༠ དེ་ཅིག་ལུ་ ནད་འབུབ་ཡོད་མེད་ བརྟག་དཔྱད་འབདཝ་ད་ དེད་གཡོགཔ་༣ ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ མངོན་གསལ་བྱུང་པའི་ཁར་ ཧེ་མ་ལས་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་འཐབ་མི་༢ ལུ་ཡང་ ནད་འབུབ་ཐོབ་སྟེ་ཡོདཔ་ བདའ་ཟུན་ཡོདཔ་ཨིན་པས།

དེ་འབདཝ་ད་ ཀོ་བིཌ་-༡༩ ཐོབ་མི་ གྱངས་ཁ་མཐོ་ཤོས་ར་ སྤ་རོ་ལས་ ཐོན་ཡོད་མི་དེ་ཡང་ སློབ་ཕྲུག་༡༤ དང་ ཨ་ལོའི་ཕམ་༡ འབདཝ་ད་ མི་༡༥ ཨིནམ་ད་ སློབ་ཕྲུག་ཚུ་ཡང་ སྐྱེས་ལོ་༡༡ ལས་༡༩ བར་ན་འབད་མི་ཨིན་པས།

ནད་འབུབ་ཐོབ་མི་ གཞན་༣ དེ་ བུམ་ཐང་ལུ་ ཚ་རིམས་སྨན་བཅོས་ལྟེ་བ་ལས་ སྐྱེས་ལོ་༣༨ ལང་མི་ ཕོ་སྐྱེས་༡ དང་ ཐིམ་ཕུག་ལུ་ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ སྐྱེས་ལོ་༣༩ དང་༣༤ ལང་མི་ ཕོ་སྐྱེས་༢ ཨིན་པས།

ད་ཚུན་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་ ཐིམ་ཕུག་ལུ་ མི་༡,༣༠༠ དེ་ཅིག་ཡོད་མི་ལས་ ལ་ལོ་བརྟག་དཔྱད་འབད་བའི་ཁར་ ལ་ལོ་ཟུར་བཞག་ནང་ བཙུགས་ཏེ་ཡོད་ཟེར་ ཁ་ཙ་ཕྱི་རུ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་ནང་ རྒྱལ་ཡོངས་ཀོ་བིཌ་-༡༩ འི་ དུས་མཐུན་སྙན་ཞུ་ ཕུལ་བའི་སྐབས་བཤད་ཅི།

མོ་གིས་འབད་བ་ཅིན་ དབང་འདུས་ཕོ་བྲང་ལུ་ བདུན་ཕྲག་༡ ནང་འཁོད་ལུ་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་༤༠ དང་ སྤུ་ན་ཁ་ལུ་ མི་༦༦ དར་དཀར་ནང་ལུ་༣༡ དེ་ལས་ སྤ་རོ་ལུ་ མི་༡༡༨ དེ་ཅིག་ཡོདཔ་ལས་ མང་ཤོས་ཅིག་ ཟུར་བཞག་ཁང་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།

སློབ་ཕྲུག་༡ ལུ་ ནད་འབུབ་ཐོབ་ཡོདཔ་ བདའ་ཟུན་པའི་ཤུལ་ལས་ དབྱངས་ཅན་ཕུག་སློབ་གྲྭ་ཆེ་བའི་ནང་ མི་༡༡༠ དང་ ཉི་མ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ མི་༡༠༠ ལྷགཔ་ཅིག་ དེ་ལས་ ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ མི་༡༢༠ བརྩིས་ཏེ་ སློབ་ཕྲུག་༣༥༠ དེ་ཅིག་ལུ་ བརྟག་དཔྱད་འབད་བའི་སྐབས་ ཕུད་རྡོག་ཅིག་ལུ་ར་ ནད་འབུབ་ཡོད་པའི་ གྲུབ་འབྲས་མ་ཐོན་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།

སྤ་རོ་ཤར་པ་དང་ ཁང་ཁུ་སློབ་གྲྭ་ནང་ སློབ་ཕྲུག་ཅིག་ལུ་ ནད་འབུབ་ཐོབ་ཡོདཔ་སྦེ་ ཤེས་རྟོགས་བྱུང་པའི་ཤུལ་ལས་ ཤར་པ་སློབ་གྲྭ་ནང་ མི་༣༨༤ དང་ ཁང་ཁུ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ མི་༣༠༠ དེ་ཅིག་ བརྟག་དཔྱད་འབད་བའི་སྐབས་ ཤར་པ་འབྲིང་རིམ་སློབ་གྲྭ་བར་མ་ལས་ མི་༡༥ ལུ་ ནད་འབུབ་ཐོབ་སྟེ་ཡོདཔ་ བདའ་ཟུན་ནུག།

ཐིམ་ཕུག་ལུ་ ནད་འབུབ་ཐོབ་ཉེན་ཡོདཔ་ལས་ ཚ་རིམས་སྨན་བཅོས་ལྟེ་བ་༢ གསརཔ་གཞི་བཙུགས་འབད་ཡོདཔ་བཞིན་ད་ ལྟེ་བ་དེ་ཚུ་ནང་ མི་༧,༥༥༦ བརྟག་དཔྱད་འབད་ཚར་ཡོདཔ་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ ཐིམ་ཕུག་གི་མི་སྡེ་ལས་ ནད་ཡམས་ཐོབ་ཡོད་པའི་ མངོན་གསལ་བྱུང་ཞིནམ་ལས་ཚུར་ ཉིན་གྲངས་༤ གི་ ནང་འཁོད་ལུ་ མི་༥༣ ལུ་ ནད་འབུབ་ཡོདཔ་བདའ་ཟུན་ཡོདཔ་ད་ དེ་ཡང་ མང་ཤོས་ར་ ཐིམ་ཕུག་ལས་ མི་༣༡ དང་ སྤུ་ན་ཁ་ལུ་ མི་༢ ལྷ་མོའི་རྫིང་ཁ་ལུ་༡ སྤ་རོ་ལུ་༡༨ དེ་ལས་ བུམ་ཐང་ལུ་༡ བརྩིས་ཏེ་ཨིན་པས།

ཀོ་བིཌ་-༡༩ འི་གནས་སྟངས།

ད་རེས་ རྒྱལ་ཁབ་ནང་ མི་༥༠༠ ལུ་ ནད་འབུབ་ཐོབ་ཡོད་མི་ལས་༣༥༨ ཕོ་སྐྱེས་དང་ ཨམ་སྲུ་༡༤༢ ཨིནམ་ད་ མི་༤༣༥ ནད་གཞི་ལས་ དྲག་ཡོདཔ་ཨིན་པས།

ཐིམ་ཕུག་འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་འབུབ་ཐོབ་མི་༦༠ དང་ ཕུན་ཚོགས་གླིང་ལུ་༥ ཡོད་རུང་ མོང་སྒར་དང་ དགེ་ལེགས་ཕུག་གི་ ཀོ་བིཌ་-༡༩ སྨན་ཁང་ནང་ ནདཔ་ཕུད་རྡོག་གཅིག་ཡང་མེདཔ་ཨིན་པས།

ཐིམ་ཕུག་སྨན་ཁང་ནང་ ནད་ཡམས་ཐོབ་མི་༢ དུམ་གྲ་ཅིག་ ཚབས་ཅན་གྱི་ གནས་སྟངས་ནང་ཡོད་མི་དེ་ཡང་ ཧེ་མ་ལས་ ཉེན་ཁ་ཅན་གྱི་ ནད་གཞི་ཡོད་མི་ལུ་བརྟེན་ཨིན་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།

དེ་ལས་ རྐྱང་གནས་ནད་ཁང་ནང་ལས་ ནད་གཞི་དྲག་སྟེ་ ཟུར་བཞག་ཁང་ནང་ སྤོ་བཤུད་འབད་འབདཝ་ མི་༤༣ ཡོདཔ་ཨིན་པས།

སྨན་ཁང་གི་ཞབས་ཏོག།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ ཐིམ་ཕུག་ལུ་ ནད་འབུབ་ཐོབ་མི་ ནདཔ་༢༠༠ དེ་ཅིག་ ལེགས་ཤོམ་སྦེ་ བདག་འཛིན་འབད་ཚུགས་ནི་ཨིནམ་ལས་ ནད་འབུབ་ཐོབ་ཡོདཔ་ཙམ་ཅིག་གིས་ སྨན་ཁང་ནང་ ཡུན་རིངམོ་སྦེ་ སྡོད་མི་དགོ་ཟེར་ བཤད་པའི་ཁར་ སྨན་ཁང་ན་ ཚབས་ཆེན་ཡོད་མི་རྐྱངམ་གཅིག་ སྨན་བཅོས་འབད་འོང་ཟེར་ བཤད་ཅི།

ན་ཟུག་མེད་མི་དང་ སྟོབས་ཤུགས་ཅན་ དེ་ལས་ ན་གཞོན་ཚུ་ ཞིབ་དཔྱད་འབད་དེ་ ཟ་ཁང་ཚུ་ནང་ བཞག་ནིའི་དོན་ལུ་ ཟ་ཁང་ཚུ་ཡང་ ངོས་འཛིན་འབད་དེ་ཡོདཔ་བཞིན་དུ་ ཌོག་ཊར་དང་ སྨན་གཡོགམོ་ཚུ་ཡང་ བཙུགས་ཏེ་ཡོད་ཟེར་ཨིན་པས།

རྒྱལ་ཁབ་ནང་འབད་ཅིན་ ནདཔ་༦༠༠ དེ་ཅིག་ ཤོང་ཚུགས་པའི་ ཉལ་ཁྲི་ཡོད་ཟེར་ཨིནམ་ད་ སྨན་ཁང་ཚུ་ནང་ ནད་འབུབ་བརྟག་དཔྱད་ཀྱི་དོན་ལུ་ ཅ་ཆས་ཚུ་ཡང་ སྨན་ཁང་ཚུ་ནང་ བཀྲམ་སྤེལ་འབད་དེ་ཡོད་ཟེར་ཨིན་པས།

ཐིམ་ཕུག་གི་ མཛོད་ཁང་ནང་ ཨར་ཊི་-པི་སི་ཨར་ཅ་ཆས་ས་ཡ་༠.༡༢ དེ་ཅིག་ཡོདཔ་ད་ ཨེན་ཊི་ཇཱན་ཅ་ཆས་༨༠,༠༠༠ དང་ ཨེན་ཊི་བོ་ཌི་༩༠,༠༠༠ ལྷགཔ་ཅིག་ཡོདཔ་བཞིན་དུ་ བདུན་ཕྲག་༡ གི་ ནང་འཁོད་ལུ་ ད་རུང་ ཅ་ཆས་འབུམ་༡ དང་༢ དེ་ཅིག་ ལྷོད་འོང་དོ་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།

དེ་བཟུམ་སྦེ་ ཉེན་སྲུང་གི་ ཅ་ཆས་ཚུ་ཡང་ ཚང་གྱང་མེད་པར་ ལངམ་སྦེ་ཡོདཔ་ད་ ད་རེས་ མི་ཚུ་གིས་ མི་སྡེ་ནང་ ནད་ཡམས་ཁྱབ་སྤེལ་དེ་ ག་ཏེ་ལས་ བྱུང་ཡོདཔ་ཨིན་ནའི་སྐོར་ དྲི་བཀོད་འབད་མིའི་ཐད་ལུ་ གསོ་བ་བློན་པོ་གིས་ དེ་ཚུ་ ཤེས་རྟོགས་འབྱུང་ཚུགས་པར་ ལཱ་ཁག་ཨིན་རུང་ ནད་འབུབ་དེ་ ས་གོ་ག་ཏེ་ལས་ བྱུང་ཡོདཔ་ཨིན་ན་ཚུ་ ངོས་འཛིན་འབད་ཚུགས་ཟེར་བཤད་ཅི།

གསོ་བ་བློན་པོ་གིས་ ཁ་རས་ལག་ལེན་དང་ རང་དང་གཞན་གྱི་བར་ན་ ས་སྟོང་བཞག་ནི་ དེ་ལས་ འཕྲལ་འཕྲལ་ར་ གླང་ལེབ་བཏབ་སྟེ་ ལགཔ་ཆུ་འཁྱུ་གནང་ཟེར་ ཞུ་བསྐུལ་འབདཝ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *