དྭངས་ལོག་ལུ་ སོ་ནམ་པ་ཅིག་གིས་ འབྱ་བརྔ་བཞག་མི་ཚུ་ནང་ ཆུ་འཁྱིལ་སྡོད་མི་ བཏོན་བཏང་པའི་བསྒང་།

ཐིམ་ཕུག་ལུ་ཡང་ ཆར་ཆུ་གིས་ འབྱ་བརྔ་བཞག་མི་ཚུ་ལུ་གནོད་སྐྱོན།

༉ འདས་པའི་ཉིནམ་༤ གི་རིང་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ ནུབ་ཕྱོགས་རྫོང་ཁག་ སྤ་རོ་དང་ དབང་འདུས་ཕོ་བྲང་ དེ་ལས་ སྤུ་ན་ཁ་རྐྱངམ་གཅིག་མེན་པར་ ཐིམ་ཕུག་རྫོང་ཁག་ནང་ཡང་ འབྱ་བརྔ་བཞག་མི་ཚུ་ མེདཔ་བཏང་ནུག།

གནོད་སྐྱོན་མང་ཤོས་ར་ ཐིམ་ཕུག་སྨད་ཝང་རྒེད་འོག་ དྭངས་ལོག་གཡུས་ཚན་ནང་ བྱུང་ཡོདཔ་ད་ དེ་ཡང་ ཁྱིམ་གུང་༧ གྱི་ འབྱ་བརྔ་སྟེ་ སྐམ་བཞག་ཚུ་ ཆརཔ་གིས་སྦང་ཡོདཔ་ཨིན་པས།

སྐྱེས་ལོ་༤༧ ལང་མི་ ཀརྨ་ལུ་ ཆུ་ཞིང་ཌིསི་༧༨ ཡོད་མིའི་ནང་ འབྱ་འཛུགས་སྐྱོང་འབད་མི་ལས་ གླང་དོ་གཅིག་གི་ འབྱ་ག་ར་ ཆུ་ནང་སྦང་ཡོདཔ་ད་ ད་རུང་ མོ་ར་ ཐོག་རྒྱུ་ཟ་མི་ཨིནམ་ལས་ ཨ་རྟག་འབད་བ་ཅིན་ འབྱ་གི་ཐོན་སྐྱེད་ཀེ་ཇི་༣,༠༠༠ ལྷགཔ་ཅིག་ བསྡུ་ནི་ཡོདཔ་ཨིན་པས།

ཀརྨ་གིས་ སླབ་མིའི་ནང་ སང་ཕོད་ཀྱི་ལོ་ནང་ ཁྲོམ་ཁ་ལས་ ཆུམ་ཉོ་བཟའ་དགོཔ་ འཐོན་ནི་ཨིནམ་ལས་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།

ད་རུང་ དྭངས་ལོག་ལས་ སྐྱེས་ལོ་༣༠ ལང་མི་ ཉིམ་བཟངམོ་གིས་འབད་བ་ཅིན་ མོ་གིས་ གཞན་གྱི་ཆུ་ཞིང་གླང་དོ་༦ དེ་ཅིག་ གླ་ཁར་ལེན་ཐོག་ལས་ བཟའ་སྤྱོད་འབད་དེ་ ལོ་ངོ་མང་རབས་ཅིག་ ཡར་སོ་ཡི་ཟེར་ཨིནམ་ད་ མོ་གིས་ ཞིང་གི་ཇོ་བདག་ལུ་ ཐོག་རྒྱུ་བྱིན་ཏེ་ ལྷག་ལུས་ཐོག་རྒྱུ་བྲེ་༢,༤༠༠ དེ་ཅིག་ བཞག་ནི་ཡོད་རུང་ དུས་རྒྱུན་ཞིང་ལཱ་འབད་དེ་ དཀའཝ་སྤྱད་པའི་གྲུབ་འབྲས་ཚུ་ ད་རེས་ ཡུད་ཙམ་ཅིག་ནང་ ཤུལ་མེད་བཟོ་དཔ་ལས་ མོ་རའི་བཟའ་ཚང་འཐུས་མི་༡༦ གི་ འཚོ་སྐྱོང་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།

སྨད་ཝང་རྒཔོ་ བཙན་སྐྱོགས་བསྟན་འཛིན་གྱིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ འབྱ་ཞིང་ནང་ ཆུ་འཛུལ་མི་ཚུ་ བཏོན་གཏང་ནི་དང་ ཆུ་གིས་སྦང་མི་འབྱ་ཚུ་ ག་དེ་མགྱོགས་མགྱོགས་ བསྡུ་དགོཔ་སྦེ་ སོ་ནམ་པ་ཚུ་ལུ་ སླབ་ཅི་ཟེར་ཨིན་པའི་གནས་ཚུལ།

རྟ་མགྲིན་དཔལ་འབྱོར།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *