ཐིམ་ཕུག་ལུ་ ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་མངམ་ཡོདཔ་ཨིན་མས།

ཐིམ་ཕུག་རྫོང་བདག་བགྲེསཔ་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཐིམ་ཕུག་སེམས་རྟོགས་ཁ་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་སྦེ་ འགྲེམ་ཐོག་ཚོགས་རྒྱན་ གྱངས་ཁ་རྐྱབ་པའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་དག་པ་ཅིག་ ཁ་ཕྱེ་ལྟཝ་ད་ ཚེ་དབང་རིག་འཛིན་ཟེར་ རྟགས་བཀལ་མི་ཐོན་ཡོདཔ་ལས་ འདེམས་ངོ་གཞན་ཚུ་གིས་ ང་བཅས་ལུ་ཡང་ བགོ་བཤའ་རྐྱབ་གནང་ཟེར་ དགོད་བྲ་སྦེ་ སླབ་ཡོདཔ་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་གྱི་ གྲུབ་འབྲས་གསལ་སྟོན་འབདཝ་ད་ ཐིམ་ཕུག་རྫོང་བདག་བགྲེསཔ་ ཚེ་དབང་རིག་འཛིན་གྱིས་ མཐོ་ཤོས་ཐོབ་ཡོདཔ་ད་ དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡༡༡༨ ཡོད་མི་ལས་ ཁོ་གིས་ ཚོགས་རྒྱན་༤༤༤ ཐོབ་ནུག།

འགྲེམ་ཐོག་ཚོགས་རྒྱན་གྱི་ གྱངས་ཁ་རྐྱབ་ཚརཝ་ཅིག་ འདེམས་ངོ་ཚུ་ རང་སོའི་ཁྱིམ་ནང་སོང་ཡོདཔ་ད་ འཕྲུལ་ཆས་ཚོགས་རྒྱན་གྱི་གྲུབ་འབྲས་ཚུ་ རྒྱང་མཐོང་ཐོག་ལས་ ཁྱིམ་ནང་བལྟ་ནི་ཨིན་ཟེར་ སོང་ཡོདཔ་བཞིན་དུ་ ཐིམ་ཕུག་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཁྱད་པར་སྦོམ་བཟོ་ནུག།

ཚེ་དབང་རིག་འཛིན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༤༤༤ དང་ འཕྲུལ་ཆས་ཚོགས་རྒྱན་འབདཝ་ད་ ཡོངས་བསྡོམས་ཚོགས་རྒྱན་༢༡༡༧ ཐོབ་སྟེ་ ཐིམ་ཕུག་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།

ཐིམ་ཕུག་ཀ་ཝང་རྒེད་འོག་ལས་ ཚེ་དབང་རིག་འཛིན་གྱིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ མ་ཐོན་པའི་ཧེ་མར་ ཐིམ་ཕུག་རྫོང་བདག་སྦེ་ ཕྱག་ཞུ་ནུག།

ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཁོ་རའི་ཁ་ཐུག་ལས་ ཅི་ལྕོགས་གང་ལྕོགས་སྦེ་ རྩ་འགེངས་ཡོད་རུང་ རྒྱལ་ཁ་འཐོབ་ནི་གི་ རེ་བ་མ་བསྐྱེད་ཟེར་ཨིན་རུང་ བརྡ་བརྒྱུད་ནང་ ཁོ་གིས་རྒྱལ་ཁ་ཐོབ་ཡོད་པའི་ གསལ་བསྒྲགས་འབད་བའི་སྐབས་ གྲུབ་འབྲས་ལུ་བལྟ་སྟེ་ ཧ་ལས་དགོཔ་བྱུང་ཡི་ཟེར་ཨིན་པས།

མི་ཚུ་གིས་ ཁོ་ར་རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ འཐོན་པ་ཅིན་ཟེར་ སླབ་པའི་ཤུལ་ལུ་ དགོངས་ཞུ་འབད་ཡོདཔ་མ་ཚད་ ཁོ་ལུ་བློ་གཏད་ཡོད་མི་དེ་ལུ་ སེམས་དགའ་ཡི་ཟེར་ཨིན་པས།

ཚེ་དབང་རིག་འཛིན་གྱིས་ འགྲེམ་ཐོག་ཚོགས་རྒྱན་ནང་ལས་ རྒྱལ་ཁ་ཐོབ་མ་ཚུགས་པ་ཅིན་ ཐིམ་ཁྲོམ་ལས་ཨིན་མི་ སྐྱེས་ལོ་༣༣ ལང་མི་ མཚོ་སྐྱིད་རྡོ་རྗེ་གིས་ རྒྱལ་ཁ་འཐོབ་ནི་ཨིན་པས།

མཚོ་སྐྱིད་རྡོ་རྗེ་གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༡,༧༠༩ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༢༢༧ ལས་ ཐོབ་མ་ཚུགས་ནི་དེ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པས།

ཐིམ་ཕུག་ལྕང་རྒེད་འོག་ལས་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཉི་མ་རྒྱལ་མཚན་གྱིས་ ཚོགས་རྒྱན་༡,༥༨༦ ཐོབ་སྟེ་ ཕམ་སོ་ནུག། འཐུས་མི་ཆུང་ཤོས་དེ་ཡང་ སྨད་ཝང་རྒེད་འོག་ལས་ སྐྱེས་ལོ་༢༨ ལང་མི་ སངས་རྒྱས་ཚེ་རིང་ཨིནམ་ད་ ཁོ་གིས་ ཚོགས་རྒྱན་༡,༢༡༤ ཐོབ་ནུག།

དགེ་བསྙེན་རྒེད་འོག་ལས་ སློབ་དཔོན་བགྲེསཔ་ ལེགས་སྐྱིད་ཚེ་རིང་གིས་ ཚོགས་རྒྱན་༧༦༡ ཐོབ་ནུག།

ཐིམ་ཕུག་ཁྲོམ་སྡེ་དང་ རྒེད་འོག་༨ འབདཝ་ད་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༡༤,༢༧༢ ཡོད་ས་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་གི་ཉིནམ་དེ་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༢༨ ནང་ ཚོགས་རྒྱན་བཙུགས་མི་༦,༤༩༦ ལས་ མ་འོངམ་ད་ ཚོགས་རྒྱན་བཙུགས་པར་འོང་མི་ཡོངས་བསྡོམས་ལས་ ཕོ་སྐྱེས་༣,༦༣༦ དང་ ཨམ་སྲུ་༢,༨༦༠ འོང་ནུག།

ངོས་ལེན་འགོ་དཔོན་གྱི་ཡིག་ཚང་ནང་ ཐོ་བཀོད་འབད་མི་ འགྲེམ་ཐོག་ཚོགས་རྒྱན་༡,༧༦༣ ཡོད་ས་ལས་ འགྲེམ་ཐོག་ཚོགས་རྒྱན་༡,༡༨༡ ལྷོད་མིའི་ནང་ལས་ ཚོགས་རྒྱན་༦༤ དཔང་པོ་གི་ ངོས་འཛིན་འདྲ་པར་གྱི་ ཨང་གྲངས་མ་མཐུན་མི་དང་ དཔང་པོ་མེད་མི་ ལ་སོགས་པ་ལས་བརྟེན་ ཆ་མེད་སོང་ནུག།

ཚོགས་རྒྱན་བཙུགས་སའི་ ལྷན་ཐབས་ས་ཁོངས་ནང་ལས་བཙུགས་མི་ ཚོགས་རྒྱན་ལ་ལོ་ཅིག་ཡང་ ངོས་འཛིན་འདྲ་པར་གྱི་ ཨང་གྲངས་མ་བཏུབ་མི་ལུ་བརྟེན་ ཆ་མེད་སོང་མི་དེ་ ཧ་ལས་སི་སི་ཅིག་ཨིན་མས་ཟེར་ཨིནམ་ད་ དེ་ཡང་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ རིགཔ་འགྱིམ་སྟེ་ མ་འབད་བའི་རྟགས་མཚན་ཨིན་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *