ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན།

ཐིམ་ཕུག་རྫོང་ཁག་ ཁྲིམས་འདུན་གྱིས་ ནང་སྲིད་བློན་པོ་གིས་གཙོས་པའི་ མི་ངོམ་༦ ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་རྫོང་ཁག་གི་ ཉེས་རྩོད་ཁྲིམས་ཁྲི་དང་པ་གིས་ ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན་ལུ་ གཡོ་ཁྲམ་ཐོག་ལས་ སྣུམ་འཁོར་གྱི་ ཉེན་བཅོལ་ལེན་ཡོད་པའི་ གནོད་འགེལ་འཐབ་མི་ལུ་བརྟེན་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་ཐོག་ བཙོན་ཁྲིམས་ཟླཝ་༢ བཀལ་ཡོདཔ་ཨིན་པས།
དེ་མ་ཚད་ བློན་པོ་གིས་ འབྲུག་ཉེན་བཅོལ་ལས་འཛིན་ཚད་ལས་ དངུལ་ཀྲམ་༢༢༦,༥༤༦ ལེན་ཡོད་མི་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་བརྒྱུད་དེ་ འབྲུག་ཉེན་བཅོལ་ལས་འཛིན་ལུ་ ལོག་སྤྲོད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ བཙོན་ཁྲིམས་ཀྱི་དོན་ལུ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
དེ་ལས་ ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་གིས་ ནང་སྲིད་བློན་པོ་ལུ་ ཉེན་བཅོལ་ཐོབ་ལམ་གྱི་ འོས་འབབ་མེད་རུང་ ཁོ་གིས་ ཤེས་བཞིན་དུ་ འོས་འབབ་ཡོདཔ་བཟོ་ནིའི་ནང་ ཁོ་གི་ གོ་གནས་ལོག་སྤྱོད་འབད་དེ་ གྲོགས་རམ་འབད་ཡོདཔ་ལས་ བཙོན་ཁྲིམས་ལོ་༡ བཀལ་ཡོད་པའི་ཁར་ ལས་འཛིན་གྱི་ལས་བྱེདཔ་ ཨོ་རྒྱན་རྣམ་གྲོལ་གྱིས་ བཀོད་ཁྱབ་གཙོ་འཛིན་གྱི་ བཀོད་རྒྱ་ལྟར་ ཉེན་བཅོལ་ཐོབ་ལམ་གྱི་དོན་ལུ་ ཡིག་ཆ་ཚུ་ རྫུས་མ་བཟོ་སྟེ་ སྡོང་ཟླ་དང་རྒྱུད་སྐུལ་གྱི་ གནོད་འགེལ་འཐབ་ཡོདཔ་ལས་ ཁོ་ལུ་ཡང་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ཨིན་པས།
ལས་འཛིན་གྱི་ ལས་བྱེདཔ་ཨིན་མི་ སངས་རྒྱས་རྡོ་རྗེ་གིས་ཡང་ ཤེས་བཞིན་དུ་ ཐོབ་བརྗོད་ཚོགས་ཆུང་གི་གྲོས་ཆོད་ནང་ ཉེན་བཅོལ་ཐོབ་ལམ་མེད་རུང་ ཡོདཔ་བཟོ་སྟེ་ ལག་རྟགས་བཀོད་ཡོདཔ་ལས་ ཁོ་ལུ་ཡང་ སྡོང་ཟླ་དང་རྒྱུད་སྐུལ་འབད་བའི་ ཉེས་འཛུགས་ཐོག་ བཙོན་ཁྲིམས་ཟླཝ་༡ བཀལ་ཡོདཔ་ཨིན་པས།
ཡོངས་ཁྱབ་འཛིན་སྐྱོང་པ་ སངས་རྒྱས་དབང་འདུས་ཀྱིས་ ཨོ་རྒྱན་རྣམ་གྲོལ་ལུ་ ཡིག་ཆ་རྫུས་མ་བཟོ་བཅུག་སྟེ་ ལོག་འདྲེན་གྱི་ གནོད་འགེལ་དང་ ཐོབ་བརྗོད་ཚོགས་ཆུང་གི་ གྲོས་ཆོད་རྫུས་མ་བཟོ་སྟེ་ གཡོ་སྒྱུའི་གནོད་འགེལ་འཐབ་ཡོད་པའི་ཁར་ སྡོག་ཟླ་དང་རྒྱུད་སྐུལ་གྱི་ གནོད་འགེལ་འཐབ་ཡོདཔ་ལས་ ཁོ་ལུ་ ཟླཝ་༦ གི་ བཙོན་ཁྲིམས་བཀལ་ནུག།
སྣུམ་འཁོར་བཅོ་ཁང་གི་ཇོ་བདག་ ཡོན་ཏན་ཕུན་ཚོགས་ཀྱིས་ སྣུམ་འཁོར་དེ་ ཁོ་རའི་བཅོ་ཁང་ནང་ བཅོས་ཡོད་པའི་ འཛིན་ཤོག་རྫུས་མ་བཟོ་ནིའི་ནང་ སྡོང་ཟླ་དང་རྒྱུད་སྐུལ་འབད་ཡོདཔ་ལས་ ཁོ་ལུ་ བཙོན་ཁྲིམས་ཟླཝ་༦ བཀལ་མི་ཚུ་ག་ར་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ བློན་པོ་གིས་ སྣུམ་འཁོར་པར་ཌོ་དེ་ འཕྲལ་འཕྲལ་སྐབས་ བླམ་དཔལ་རི་ལུ་ལྷོདཔ་ད་ བརྡུངས་བརྡུངམ་བཟུམ་སྦེ་ ཚོར་ཡི་ཟེར་ སླབ་ཡོད་པའི་ཁར་ འཕྲལ་འཕྲལ་ ཁོ་རའི་ ཨམ་སྲུ་གི་ཨའི་གྱོངས་ཏེ་ མོང་སྒར་ལུ་འགྱོ་བའི་ལམ་ཁར་ སྣུམ་འཁོར་གྱི་མོ་བཱིལ་ མགྱོགས་དྲགས་སྦེ་ རྫོགས་སོ་ཡི་ཟེར་ གཏན་འཁེལ་ག་ནི་ཡང་མེད་པའི་ ངག་བརྗོད་བཀོད་མི་ལུ་བརྟེན་ སྣུམ་འཁོར་ཐུག་རྐྱེན་བྱུང་བའི་ ར་ཁུངས་གསལ་སྟོན་འབད་ནི་མིན་འདུག་ཟེར་ བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན་ལུ་ སྤྱི་ལོ་༢༠༡༦ ཟླ་༧ པའི་ཚེས་༢༡ ལུ་ སྣུམ་འཁོར་པར་ཌོ་དེ་ ཐུག་རྐྱེན་བྱུང་ཡི་ཟེར་ ཉེན་བཅོལ་ཐོབ་ལམ་ལག་དེབ་དང་མ་འཁྲིལ་བར་ ཉེན་བཅོལ་ཐོབ་ལམ་མེད་རུང་ ཉེན་བཅོལ་ཧྲིལ་བུམ་ལུ་ བསྒྱུར་བཅོས་འབད་དེ་ གཡོ་ཁྲམ་ཐོག་ལས་ ཉེན་བཅོལ་ལེན་ཡོད་པའི་ ཉེས་འཛུགས་འབད་ནུག།
དེ་ལུ་ བློན་པོའི་ཁྲིམས་དོན་ངོ་ཚབ་ ཡེ་ཤེས་དབང་འདུས་ཀྱིས་ ཐུག་རྐྱེན་བྱུང་སྟེ་མེད་རུང་ བླམ་དཔལ་རི་ལུ་ལྷོདཔ་ད་ སྣུམ་འཁོར་འོག་ལས་ བརྡུངས་བའི་སྐད་གོ་བའི་ཁར་ སྣུམ་འཁོར་བཅོ་ཁང་གི་ མི་ཚུ་གིས་ཡང་ དབྱེ་དཔྱད་འབདཝ་ད་ བརྡུངས་ཡོདཔ་མཐོང་སྟེ་སྡོད་པའི་བར་ན་ ཉེན་བཅོལ་ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་གིས་ ལས་འཛིན་གྱི་འགོ་དཔོན་གཉིས་ སྣུམ་འཁོར་བཅོ་ཁང་ནང་བཏང་སྟེ་ དབྱེ་ཞིབ་འབད་བའི་ཤུལ་ལས་ བཅོ་ཚར་ཞིནམ་ལས་ ཉེས་འཛུགས་ཅན་གྱིས་ ཉེན་བཅོལ་དོན་ལུ་ ཡི་གུ་བཙུགས་ཏེ་ ལེན་ཡོདཔ་མ་གཏོགས་ རྫུས་མའི་ཐོག་ལས་ ལེན་ལེནམ་མེན་ཟེར་ ཞུ་ནུག།
ཁྲིམས་དོན་ངོ་ཚབ་ཀྱིས་ ཉེན་བཅོལ་དེ་ཡང་ ལས་འཛིན་གྱི་ ལམ་ལུགས་དང་འཁྲིལ་མ་གཏོགས་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཉེས་འཛུགས་འབད་དོ་བཟུམ་སྦེ་ ལེན་ཏེ་མིན་འདུག་ཟེར་ ཞུ་ནུག།
ངོ་ཚབ་ཀྱིས་ ཐུག་རྐྱེན་ཟེར་བའི་སྐབས་ རྦོབ་རིལ་ཏེ་ ཐུག་རྐྱེན་བྱུང་མི་ལུ་རྐྱངམ་གཅིག་ གོ་བ་དམ་དྲགས་སྦེ་ ལེན་ནི་མི་འོང་ཟེར་ ཞུ་ཡོདཔ་ད་ ཉེན་བཅོལ་དེ་ཡང་ ཚོང་མགྲོན་པ་གིས་ ཞུ་བ་འབད་མི་ལུ་རྐྱངམ་གཅིག་ གཞི་བཞག་སྟེ་མེན་པར་ ལས་འཛིན་གྱིས་ དབྱེ་ཞིབ་འབད་དེ་རྐྱངམ་གཅིག་ གནང་བ་གྲོལ་དོ་ཡོདཔ་ལས་ མ་དངུལ་དེ་ སོར་ཆུད་འབད་དགོ་པའི་ རྣམ་བཞག་མིན་འདུག་ཟེར་ ཞུ་ནུག།
ཨིན་རུང་ ཉེས་འཛུགས་ཅན་ཚུ་གིས་ མཐོ་གཏུགས་འབད་ནིའི་ བློ་འདོད་ཡོད་པ་ཅིན་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ འབད་ཆོག་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *