ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ཉེན་སྲུང་དང་ལྡནམ་སྦེ་ཡོདཔ།

༉ གསོ་བ་བློན་པོ་གིས་ ད་ལྟོའི་གནས་སྟངས་ནང་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ཉེན་སྲུང་དང་ལྡནམ་སྦེ་ཡོད་ཟེར་ བཤད་ཅི།

དེ་ཡང་ སྨན་ཁང་ནང་ ལཱ་འབད་མི་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་སྐོར་ལས་ ལོ་རྒྱུས་ཚུ་ དར་ཁྱབ་སོང་མི་ལུ་བརྟེན་ བློན་པོ་གིས་ དོགས་སེལ་འབད་ཡོདཔ་ཨིན་པས།

ཁ་ཙ་ ཀུན་གསལ་དང་གཅིག་ཁར་ དྲི་ལན་འབད་བའི་སྐབས་ བློན་པོ་གིས་ བཤད་མིའི་ནང་ སྐྱེས་ལོ་༣༣ ལང་མི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གྲོགས་རམ་ལས་བྱེདཔ་ ཨམ་སྲུ་ཅིག་ལུ་ སྤྱི་ཟླ་༡༢ པའི་ཚེས་༢༦ ལུ་ ཀོ་བིཌ་ཐོབ་ཡོད་མི་དེ་ཡང་ དེ་ཚེ་མོ་ར་ སྒྲིག་གཡོག་ནང་ མིན་འདུག་ཟེར་ཨིན་པས།

མོ་གིས་སླབ་མིའི་ནང་ ཨམ་སྲུ་དེ་ ལྕང་ཟམ་ཏོག་གི་ མི་སྡེ་ནང་ལས་ བདའ་ཟུན་ཡོདཔ་ད་ མོ་ར་ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ་ སྒྲིག་གཡོག་སོར་བའི་སྐབས་ མོ་ར་ སྡེ་ཚན་དེ་ནང་མེདཔ་ལས་ སྨན་ཁང་དེ་ ཉེན་སྲུང་དང་ལྡན་ཟེར་ཨིན་པས།

སྨན་ཁང་གི་ སྡེ་ཕྲན་ག་ར་ ས་ཁོངས་ཅིག་ནང་སྡོད་དེ་ ལཱ་འབད་ནིའི་ སྒྲིག་གཞི་ཐོག་ལུ་ ལཱ་འབད་དོ་ཡོདཔ་ལས་ སྒྲིག་གཡོག་ནང་འོང་མི་ཚུ་ག་ར་ ནད་བརྟག་འབད་ཞིནམ་ལས་རྐྱངམ་གཅིག་ སོར་ནི་ཡོད་ཟེར་ཨིནམ་ད་ ཀོ་བིཌ་-༡༩ ཐོབ་མི་༡༦༩ གི་གྲས་ལས་༨༡ རྐྱངམ་གཅིག་ གཙོ་བསྟེན་སྨན་ཁང་ནང་ བཞག་སྟེ་ཡོདཔ་ད་ གཞན་ནད་གཞི་གི་ རྟགས་མཚན་མེད་མི་ཚུ་ མཐུན་རྐྱེན་ཟུར་བཞག་ནང་ བཞག་དོ་ཡོདཔ་ཨིན་པས།

འདས་པའི་ཆུ་ཚོད་༢༤ གི་ནང་འཁོད་ལུ་ ཐིམ་ཕུག་དང་ སྤ་རོ་ལས་ ད་རུང་ མི་གྲངས་༢༧ ལུ་ ཀོ་བིཌ་ཐོབ་ཡོདཔ་སྦེ་ བདའ་ཟུན་མི་དེ་གིས་ རྒྱལ་ཁབ་ནང་ ནདཔ་བསྡོམས་༦༢༥ ལུ་ ལྷོད་ཡོདཔ་ཨིན་པས།

ནདཔ་༢༧ གྱི་གྲས་ལས་༢༠ ཐིམ་ཕུག་གི་མི་སྡེ་ བདེ་ཆེན་ཆོས་གླིང་སྟོད་ལས་༩ དང་ ལྕང་ཟམ་ཏོག་སྟོད་ལས་༤ དེ་ལས་ སྡེ་སྲིད་ལས་༢ དཀར་སྦིས་ས་དང་ གཡང་འཕེལ་སྡོད་གནས་ས་ཁོངས་ སེམས་རྟོགས་ཁ་དང་ ཉི་ཟེར་སྒང་གི་ ས་ཁོངས་ཚུ་ནང་ལས་ རེ་རེ་ཐོན་ཡོདཔ་ཨིན་པས།

ཁོང་ཆ་ཁྱབ་ཀྱི་གྲས་ལས་༡ ཚ་རིམས་ནད་བརྟག་ལྟེ་བ་ནང་ལས་ བདའ་ཟུན་ཡོདཔ་ད་ སྤ་རོ་ཤར་པ་དང་ འུ་ཆུ་ས་ཁོངས་ནང་ལས་༧ བདའ་ཟུན་མི་ཚུ་ག་ར་ ཧེ་མ་ སྤ་རོ་ལས་ བདའ་ཟུན་མི་ཚུ་དང་ འབྲེལ་བ་ཡོད་མི་ཚུ་ཨིན་པས།

རྫོང་ཁག་དེ་༢ ཀྱི་མི་སྡེ་ནང་ དར་ཁྱབ་སྦོམ་སོང་ཡོདཔ་ལས་ བློན་པོ་གིས་ ཉེན་ཁ་ཅན་གྱི་གནས་སྟངས་ཚུ་ དབྱེ་ཞིབ་འབད་མ་ཚར་ཚུན་ མི་མང་གིས་ འགྲོ་འགྲུལ་བཀག་དམ་དང་ གསོ་བའི་སྒྲིག་གཞི་ཚུ་ལུ་ དམ་དམ་སྦེ་ གནས་དགོ་ཟེར་ ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ མི་སྡེ་ནང་ལས་ ནདཔ་དང་པ་ བདའ་ཟུན་པའི་ཤུལ་ལས་ མི་གྲངས་༡༧༣ བདའ་ཟུན་ཡོདཔ་ད་ ཁོང་དང་འབྲེལ་བ་འཐབ་མི་༣,༠༠༠ དེ་ཅིག་ལུ་ཡང་ གསོ་བའི་ལས་བྱེདཔ་ཚུ་གིས་ འབྲེལ་བ་འཐབ་ཡོདཔ་ཨིན་པས།

ད་ཚུན་ རྒྱལ་ཁབ་ནང་འཁོད་ལུ་ ཀོ་བིཌ་-༡༩ གི་དོན་ལུ་ མི་གྲངས་༡༧,༠༠༠ དེ་ཅིག་ལུ་ བརྟག་དཔྱད་འབད་མིའི་གྲས་ལས་༡༢,༠༠༠ ཚ་རིམས་ནད་བརྟག་ལྟེ་བ་༥༤ ནང་ རྐྱབ་ཡོདཔ་ཨིན་པས།

དེ་དང་གཅིག་ཁར་ གསོ་བ་བློན་པོ་གིས་ ཧེ་མ་ལས་ ནད་གཞི་ཡོད་མི་ཚུ་གིས་ སྨན་ཚུ་ ལོག་ལེན་དགོ་པ་ཅིན་ ས་ཁོངས་ངོས་འཛིན་འབད་མི་ཚུ་ནང་ ཚོང་ཁང་རེ་ ངོས་འཛིན་འབད་དེ་ཡོདཔ་ལས་ དེ་ཚུའི་ནང་ རང་གི་སྨན་ལེན་མི་ ཀི་དེབ་སྤྲོད་བཞག་སྟེ་ གསོ་བའི་ལས་བྱེདཔ་ཚུ་གིས་ སྨན་དང་གཅིག་ཁར་ ལོག་སྤྲོད་བཞག་འོང་ཟེར་བཤད་ཅི།

ནདཔ་ཚུ་གིས་ ཉིནམ་༡ གི་ཤུལ་ལས་ ཚོང་ཁང་དེ་ནང་ལས་ སྨན་དང་ རང་གི་སྨན་ཡིག་ཚུ་ ལེན་འབག་ཚུགས་ནི་ཨིནམ་ད་ གསོ་བ་བློན་པོ་གིས་ མི་ཚུ་གིས་ ཕྱི་ཁར་འགྱོ་བའི་སྐབས་ གསོ་བའི་སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ ངེས་པར་དུ་ ཁ་རས་ལག་ལེན་འཐབ་དགོ་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *