ཐིམ་ཕུག་མཐོ་རིམ་སློབ་གྲྭ།

ཐིམ་ཕུག་མཐོ་རིམ་སློབ་གྲྭ་གིས་ ཚན་རིག་དང་སྨན་གཡོགམོ་གི་ ཆོས་ཚན་གསརཔ་ འགོ་བཙུགས་ནི།

༉ ཐིམ་ཕུག་མཐོ་རིམ་སློབ་གྲྭ་གིས་ སྤྱི་ཟླ་༧ པ་ལས་འགོ་བཙུགས་ ཚན་རིག་དང་སྨན་གཡོགམོ་མཐོ་རིམ་ཤེས་ཡོན་གྱི་ ཆོས་ཚན་གསརཔ་ཅིག་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་དང་གཅིག་ཁར་ འབྲེལ་མཐུན་འབད་དེ་ འགོ་བཙུགས་ནི་ཨིན་པས།
ཆོས་ཚན་དེ་གི་དོན་ལུ་ མཐོ་རིམ་ཤེས་ཡོན་ལྷབ་ནི་གི་ དང་འདོད་ཡོད་པ་ཅིན་ སློབ་ཕྲུག་དེ་གིས་ སློབ་རིམ་༡༢ པའི་ནང་ ཚན་རིག་ཆོས་ཚན་ལྷབ་མི་དང་ ཨིང་སྐད་དང་ གཞན་ཆོས་ཚན་དྲག་ཤོས་གསུམ་ནང་ དམའ་ཤོས་སྐུགས་ཚད་༥༠ འཐོབ་དགོཔ་ཨིན་པས།
ཚན་རིག་དང་ སྨན་གཡོགམོ་ནང་ མཐོ་རིམ་ཤེས་ཡོན་ལྷབ་ནི་གི་ དང་འདོད་བསྐྱེད་མི་ཚུ་གི་དོན་ལུ་ ཐོ་བཀོད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཐིམ་ཕུག་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཐྲ་ཀུར་སིང་པའུ་ཌལ་གྱིས་ བཤད་མི་དང་འཁྲིལཝ་ད་ དུས་ཅི་ ཆོས་ཚན་དེ་ འགོ་དང་པ་ གཞི་བཙུགས་འབད་བའི་སྐབས་ སློབ་ཕྲུག་༢༥ ལས་ མི་ལེན་ནི་གི་ འཆར་གཞི་ཡོདཔ་ཨིན་རུང་ ད་ལྟོ་ ཆོས་ཚན་གསརཔ་འགོ་བཙུགས་ནི་གི་ གསལ་བསྒྲགས་འབད་དེ་ ཉིནམ་དག་པ་ཅིག་ལས་ མ་འགྱོ་རུང་ ཐོ་བཀོད་འབད་མི་༥༠ དེ་ཅིག་ འོང་ཡི་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ ཐོ་བཀོད་འབད་མི་ སློབ་ཕྲུག་༥༠ དེ་ཅིག་ འོང་མིའི་གྲས་ལས་ སྐུགས་ཚད་མཐོ་ཤོས་ཡོད་མི་ཚུ་ བཙུགས་ནི་ཨིནམ་ད་ སློབ་ཕྲུག་༢༥ གདམ་འཐུ་ཚར་བའི་ཤུལ་ལུ་ སྐུགས་ཚད་ལེགས་ཤོམ་ཡོད་མི་དང་ སྤྲོ་བ་སྦོམ་བསྐྱེད་མི་ སློབ་ཕྲུག་ཡོད་པ་ཅིན་ གྱངས་ཁ་དུམ་གྲ་ཅིག་ ཡར་སེང་འབད་ནི་ཨིན་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭའི་ཁ་ཐུག་ལས་ གྱངས་ཁ་ཉུང་སུ་སྦེ་ བཞག་དགོ་མི་དེ་ཡང་ གྱངས་ཁ་ལུ་ གཙོ་བོར་བཏོན་ནི་མེན་པར་ སློབ་ཕྲུག་གི་ ཤེས་ཡོན་གྱི་སྤུས་ཚད་ལུ་ ལེགས་ཤོམ་བྱིན་ནི་ལུ་ གཙོ་བོར་བཏོན་ནི་ཨིནམ་སྦེ་བཤད་ཅི།
ཐིམ་ཕུག་མཐོ་རིམ་སློབ་གྲྭ་ནང་ ཚན་རིག་དང་སྨན་གཡོགམོ་གི་ ཆོས་ཚན་འགོ་བཙུགས་ནིའི་དོན་ལུ་ ལོ་ཕྱེད་དང་༢ ལཱ་འབད་བའི་ཤུལ་ལུ་ སྤྱི་ཟླ་༡ པའི་ནང་རྐྱངམ་གཅིག་ གསོ་བའི་ལྷན་ཁག་ལས་ འགོ་བཙུགས་ཆོག་པའི་ གནང་བ་ཐོབ་ཡོདཔ་སྦེ་ཨིན་པས།
གསོ་བ་དང་འཕྲོད་བསྟེན་དེ་ མི་རེ་རེ་བཞིན་དུ་གི་མི་ཚེ་ནང་ ག་ནི་བ་ ཁག་ཆེཝ་ཅིག་ཨིནམ་མ་ཚད་ སྨན་གཡོགམོ་ཚུ་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ཚུ་ནང་ དགོས་མཁོ་སྦོམ་ཡོདཔ་ལས་ དེ་ལུ་གཞི་བཞག་ཐོག་ལས་ ཆོས་ཚན་དེ་ འགོ་བཙུགས་ཡོདཔ་སྦེ་ཨིན་པས།
མཐོ་རིམ་སློབ་གྲྭ་དེ་ནང་ ཚན་རིག་དང་སྨན་གཡོགམོ་གི་ཆོས་ཚན་ འགོ་བཙུགས་ནི་ཟེར་མི་དེ་ལུ་ འབྲུག་གཞུང་དང་ གསོ་བའི་ལྷན་ཁག་ གསོ་བའི་ཚོགས་སྡེ་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ཚུ་གི་ཁ་ཐུག་ལས་ རྒྱབ་སྐྱོར་ཐོབ་ཡོདཔ་མ་ཚད་ མཐོ་རིམ་ཤེས་ཡོན་གྱི་ ངོ་སྦྱོར་ལག་ཁྱེར་དེ་ཡང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ གནང་ནི་ཨིན་པས།
ད་ལྟོ་ རྩ་གཞུང་ཚུ་ཡང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ནང་ ཡོད་མི་དེ་ར་ ལག་ལེན་འཐབ་ནི་ཨིནམ་ད་ རྩ་གཞུང་དང་ མཐུན་རྐྱེན་ དེ་ལས་ སློབ་སྟོན་པ་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ དེ་ཚུ་ག་ར་ གཙུག་ལག་སློབ་སྡེ་གིས་ ལྟ་རྟོག་འབད་ནི་ཨིན་པས།
མཐོ་རིམ་སློབ་གྲྭའི་ གཙོ་འཛིན་གྱིས་འབད་བ་ཅིན་ ཚན་རིག་དང་སྨན་གཡོགམོ་ཆོས་ཚན་གྱི་ ནང་སྦྱོང་ཚུ་ མཐོ་རིམ་སློབ་གྲྭ་ནང་ར་ འབད་ནི་ཨིན་རུང་ སྦྱོང་ལཱ་དེ་ དགེ་ལེགས་ཕུག་སྨན་ཁང་ནང་ འབག་ཆོག་པའི་ གནང་བ་ཐོབ་སྟེ་ཡོད་ཟེར་ཨིན་པས།
མ་གཞི་ མཐོ་རིམ་སློབ་གྲྭ་དེ་ ཐིམ་ཕུག་ལུ་འབད་ནི་དེ་གིས་ སྦྱོང་ལཱ་ཚུ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་འབད་ཚུགས་པ་ཅིན་ སྟབས་བདེ་ཏོག་ཏོ་འོང་ནི་ཨིན་རུང་ སྨན་ཁང་ནང་ ཤོང་ཚད་མེདཔ་མ་ཚད་ ལམ་ལུགས་དང་འཁྲིལཝ་ད་ སྨན་ཁང་གཅིག་ནང་ སྤེལ་ཁང་༢ ཀྱི་ སློབ་ཕྲུག་ཚུ་ གཅིག་ཁར་སྦེ་ སྦྱོང་བརྡར་འབད་ནི་མེདཔ་སྦེ་ ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
ཨིན་རུང་ གསོ་བའི་ལྷན་ཁག་ཁ་ཐུག་ལས་ དགེ་ལེགས་ཕུག་སྨན་ཁང་ནང་ སྦྱོང་ལཱ་འབད་ནི་ གོ་སྐབས་བྱིན་མི་དེ་གིས་ར་ སྟབས་བདེ་ཏོག་ཏོ་སོང་སྟེ་ཡོད་ཟེར་ཨིན་པས།
མཐོ་རིམ་གཙོ་འཛིན་ ཐྲ་ཀུར་སིང་པའུ་ཌལ་གྱིས་འབད་བ་ཅིན་ གཞན་ཆོས་ཚན་དང་ཕྱདཔ་ད་ ཚན་རིག་དང་སྨན་གཡོགམོ་གི་ ཆོས་ཚན་དེ་ ལཱ་ཁག་ཡོདཔ་ལས་ འཐུས་ཡང་ མང་སུ་འོང་དགོ་ནི་ཨིན་རུང་ དུས་ཅི་ འགོ་དང་པ་ འགོ་བཙུགས་པའི་སྐབས་ལུ་ ཆོས་ཚན་གཞན་དང་གཅིག་ཁར་ དབྱེ་བ་མེདཔ་སྦེ་བྱིན་ནི་ཨིན་རུང་ སང་ཕོད་ལས་ བསྐྱར་ཞིབ་འབད་དགོཔ་འོང་ཟེར་ཨིན་པས།
དེ་སྦེ་འོང་དགོ་མི་དེ་ཡང་ ཚན་རིག་དང་ སྨན་གཡོགམོ་གི་སློབ་ཕྲུག་ཚུ་ སྦྱོང་ལཱ་གི་དོན་ལུ་ འགྱོ་བའི་སྐབས་ ཁོང་སྡོད་ས་དང་བཟའ་ས་ དེ་ལས་ སློབ་སྟོན་པའི་འཐུས་ཚུ་ བྱིན་དགོ་ནི་དེ་གིས་ ཆོས་ཚན་གཞན་ཚུ་དང་ཕྱདཔ་ད་ འཐུས་མང་སུ་ར་ གནས་འོང་ཟེར་ཨིན་པས།
ཐིམ་ཕུག་མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་ཚུ་ སྡོད་ས་དང་ དཔེ་ཆ་ལྷབ་སའི་ས་ཁོངས་ཚུ་ག་ར་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིན་པས།
གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་གཙོ་འཛིན་ ཌོག་ཊར་ཀེ་པི་ཚེ་རིང་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ གསོ་རིག་སྤེལ་ཁང་ག་ཅི་ར་འགོ་བཙུགས་རུང་ གེ་སར་རྒྱལ་པོ་གཅིག་ཁར་འབྲེལ་མཐུན་འབད་དགོ་ཟེར་ཨིན་པས།
དེ་འབདཝ་ལས་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་གིས་ ཚན་རིག་དང་སྨན་གཡོགམོ་གི་ ཆོས་ཚན་འགོ་བཙུགས་པའི་ཤུལ་ལུ་ རྩ་གཞུང་དང་གཞི་རྟེན་མཐུན་རྐྱེན་ དེ་ལས་ སློབ་སྟོན་པ་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ འཕྲལ་འཕྲལ་སྦེ་ར་ ལྟ་རྟོག་འབད་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ལས་རིམ་དེ་གི་ སྤུས་ཚད་ཚུ་ཡང་ ག་དེ་སྦེ་ཡོདཔ་ཨིན་ན་ཚུ་ ལྟ་རྟོག་འབད་དེ་ར་ སྡོད་འོང་ཟེར་ཨིན་པས།
ཐིམ་ཕུག་མཐོ་རིམ་སློབ་གྲྭ་ལས་ ཚན་རིག་དང་སྨན་གཡོགམོ་ནང་མཐར་འཁྱོལ་མི་ སློབ་ཕྲུག་ཚུ་གི་ མཐོ་རིམ་ཤེས་ཡོན་དེ་ཡང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ ངོ་སྦྱོར་འབད་འོང་ཟེར་ ཌོག་ཊར་ཀེ་པི་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *