ཐིམ་ཕུག་དང་ དགེ་ལེགས་ཕུག་ཁྲོམ་སྡེ་གིས་ ཁྲོམ་དཔོན་གསརཔ་ བཙག་འཐུ་འབད་ཡོདཔ།

༉ ཁ་ཙ་ ཁྲོམ་སྡེའི་བཙག་འཐུ་ཐེངས་༣ པ་ འགོ་འདྲེན་འཐབ་པའི་སྐབས་ ཐིམ་ཕུག་དང་ དགེ་ལེགས་ཕུག་ཁྲོམ་སྡེ་གིས་ ཁྲོམ་དཔོན་གསརཔ་ བཙག་འཐུ་འབད་ཡོད་རུང་ ཕུན་ཚོགས་གླིང་གི་ཐད་ཁར་ ཁྲོམ་དཔོན་བགྲེསཔ་དེ་ ལོག་སྟེ་ར་ བཙག་འཐུ་འབད་ཡོདཔ་ཨིན་པས།

ཐིམ་ཕུག་གི་ ཁྲོམ་དཔོན་བགྲེསཔ་ ཀུན་ལེགས་རྡོ་རྗེ་དེ་ འདེམས་ངོ་གསརཔ་ ཨོ་རྒྱན་རྡོ་རྗེ་ལས་ ཚོགས་རྒྱན་༦༢ ཀྱིས་ ཕམ་ཡོདཔ་ད་ དགེ་ལེགས་ཕུག་གི་ ཁྲོམ་དཔོན་བགྲེསཔ་ ཊི་ཀ་རམ་ ཀཱཕ་ལེ་དེ་ འདེམས་ངོ་གསརཔ་ ཚེ་རིང་ནོར་བུ་ལས་ ཚོགས་རྒྱན་༣༣༨ ཀྱིས་ ཕམ་ཡོདཔ་ཨིན་པས།

ཐིམ་ཕུག་ཁྲོམ་སྡེ་ནང་ལས་ འདེམས་ངོ་༣ ཐོན་ཡོད་མི་ལས་ བསོད་ནམས་རྡོ་རྗེ་གིས་ ཚོགས་རྒྱན་༩༢༠ ཐོབ་ཡོདཔ་ད་ ཁྲོམ་ དཔོན་བགྲེསཔ་གིས་༡,༧༡༤ ཐོབ་ཡོདཔ་ཨིན་པས།

དགེ་ལེགས་ཕུག་གི་ ཁྲོམ་དཔོན་བགྲེསཔ་གིས་ ཚོགས་རྒྱན་བསྡོམས་༣༧༥ ལས་ ཐོབ་མ་ཚུགས་རུང་ ཁྲོམ་དཔོན་བཙག་འཐུ་ གྲུབ་མི་གིས་ ཚོགས་རྒྱན་༧༡༣ ཐོབ་ཡོདཔ་ད་ ཁྲོམ་སྡེ་ནང་ འདེམས་ངོ་ཁོང་༢ ལས་བརྒལ་ མེདཔ་ཨིན་པས།

ཁྲོམ་དཔོན་གསརཔ་གིས་ འདས་པའི་བཙག་འཐུ་ཐེངས་༣ ནང་ གྲལ་གཏོགས་འབད་ཡོད་རུང་ དུས་ཅི་རྐྱངམ་གཅིག་ བཙག་འཐུ་གྲུབ་ཚུགས་ཡོདཔ་ཨིན་པས།

ཁོ་གིས་ ཁྲོམ་སྡེ་བཙག་འཐུའི་དོན་ལུ་ སྤྱི་ལོ་༢༠༡༥ དང་ སྤྱི་ལོ་༢༠༡༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ བཅའ་མར་ གཏོགས་ཡོདཔ་ད་ དགེ་ལེགས་ཕུག་ལུ་ འདེམས་ཁོངས་༦ ཡོད་མིའི་ནང་ མི་ངོམ་༥༠༠ དེ་ཅིག་གིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་༤༠༠ དེ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནུག།

ཁྲོམ་དཔོན་བགྲེསཔ་ ཊི་ཀ་རམ་ ཀཱཕ་ལེ་གིས་ ཚོགས་རྒྱན་འཕྲུལ་ཆས་ནང་ལས་ ཚོགས་རྒྱན་༢༠༩ དང་ འགྲེམ་ཐོག་ཚོགས་རྒྱན་༡༦༦ ཐོབ་ཡོདཔ་ད་ ཁྲོམ་དཔོན་གསརཔ་གིས་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་གཉིས་ཆ་རའི་ནང་ མངམ་ཐོབ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ འདེམས་ཁོངས་༤ ཡོད་མི་ཚུ་ལས་ འདེམས་ངོ་རེ་ཐོན་ཡོདཔ་ད་ ཁྲོམ་དཔོན་བགྲེསཔ་ ཨུ་ཏར་ ཀུ་མར་རའི་དེ་ ལོག་སྟེ་ར་ གདམ་འཐུ་གྲུབ་ཡོདཔ་ལས་ ཁོ་གིས་ གནས་ཡུན་ཐེངས་༢ རྒྱལ་ཁ་ཐོབ་ཨིན་པས།

ཁྲོམ་དཔོན་བཙག་འཐུ་གྲུབ་མི་གིས་ ཚོགས་རྒྱན་ཡོངས་བསྡོམས་༣༣༦ ཐོབ་སྟེ་ གཞན་མི་འདེམས་ངོ་༣ ལས་ བཙག་འཐུ་ གྲུབ་ཡོདཔ་ཨིན་པས།

གོ་གནས་ནང་ དོ་འགྲན་འབད་མི་ དེ་བི་ཅ་རན་ དཱི་མལ་གྱིས་ ཚོགས་རྒྱན་༢༢༠ དང་ ཀརྨ་ག་ལེ་གིས་༡༥༤ དེ་ལས་ ཨམ་སྲུ་འདེམས་ངོ་ ཕུད་རྡོག་གཅིག་ལས་མེད་མི་ ཆུང་ཀུ་ཟླ་བ་གིས་ཚོགས་རྒྱན་༧༢ ལས་ ཐོབ་མ་ཚུགསཔ་ཨིན་པས།

ཐིམ་ཕུག་ཁྲོམ་དཔོན་གསརཔ་ མི་མང་གིས་ བཙག་འཐུ་འབད་མི་ལུ་ དགའ་ཚོར་ཡོད་པའི་ཁར་ ཁོ་དང་གཅིག་ཁར་ དོ་འགྲན་འབད་མི་ གཞན་མི་འདེམས་ངོ་༢ ཀྱིས་ཡང་ མི་མང་ལུ་ འདེམས་ངོའི་གདམ་ཁ་བྱིན་མི་ལུ་ དགའ་ཚོར་ཡོད་ཟེར་ བཤད་ཅི།

ཨིན་རུང་ཁོ་ར་ གོ་སྐབས་ཐོབ་མི་དང་གཅིག་ཁར་ འགན་ཁུར་ཡང་ སྦོམ་ཕོག་ཡོདཔ་ལས་ ཚ་གྱང་ཡང་ སྦོམ་ལང་ཡི་ཟེར་ བཙག་འཐུའི་གྲུབ་འབྲས་ གསལ་བསྒྲགས་འབད་བའི་ཤུལ་ལས་ རྒྱང་མཐོང་ནང་ བཤད་ཡོདཔ་ཨིན་པས།

དགེ་ལེགས་ཕུག་གི་ ཁྲོམ་དཔོན་གསརཔ་ ཚེ་རིང་ནོར་བུ་གིས་ མི་སེར་དང་གྲོས་བསྟུན་ཐོག་ལས་ ཞབས་ཏོག་ཞུ་ནིའི་ རེ་བ་ ཡོད་ཟེར་ བཤདཔ་ཨིན་པས།

ཕུན་ཚོགས་གླིང་དེ་ ནད་ཡམས་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་འབད་དེ་ཡོདཔ་ལས་ སྤྱི་ཟླ་༤ པའི་ཚེས་༢༤ དང་༢༥ ལུ་ ཚོགས་རྒྱན་ཚུ་ བཙུགས་ཚར་ཡོདཔ་ཨིན་པས།

ཁྲོམ་སྡེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༩༢༥ ཡོད་མི་ལས་༧༦༧ གྱིས་བཙུགས་ཡོདཔ་ད་ ཚོགས་རྒྱན་དེ་གི་དོན་ལུ་ སྡེ་ཚན་༡༣ བཟོ་སྟེ་ ས་ཁོངས་ཁག་༡༣ དབྱེ་ཁག་བཟོ་སྟེ་ སྒོ་བཤལ་རྐྱབ་ཡོདཔ་ཨིན་པས།

ཚོགས་རྒྱན་གྱི་ཉིནམ་ལས་ ཧེ་མ་བཙུགས་མི་དེ་ འགོ་དང་པ་ཨིནམ་ད་ དེ་ཡང་ ནད་ཡམས་ལུ་བརྟེན་ བཙག་འཐུ་ལྷན་ཚོགས་ ཀྱིས་ དམིགས་བསལ་གྱི་ ལས་རིམ་བཟོ་སྟེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ཐིམ་ཕུག་ཁྲོམ་སྡེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༨,༠༠༧ ཡོད་ས་ལས་༤,༤༡༠ གྱིས་ འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་ བཙུགས་ཡོདཔ་ཨིན་པས།

དེ་དང་གཅིག་ཁར་ འདེམས་ཁོངས་ཚུ་ནང་གི་ ཚོགས་པ་ཚུ་ཡང་ བཙག་འཐུ་འབད་ཡོདཔ་ད་ ཁ་ཙ་གི་ ཚོགས་རྒྱན་གྱི་གྲུབ་ འབྲས་དེ་ བསྒྱུར་བཅོས་འགྱོ་སྲིད་ནི་ཨིནམ་ལས་ གཞུང་འབྲེལ་གྱི་ གསལ་བསྒྲགས་དེ་ ད་རིས་ བཙག་འཐུ་ལྷན་ཚོགས་ཀྱིས་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *