ཐིམ་ཕུག་ལྕང་གླིང་མི་ཐང་གི་ ཉེ་འདབས་ལུ་ཡོད་མི་ སྤྲོ་འཁྱམས་གླིང་ག།

ཐིམ་ཕུག་གི་ ཨ་ལོའི་སྤྲོ་འཁྱམས་གླིང་ག་ཚུ་ ཡར་དྲག་གཏང་དགོཔ།

༉ ཐིམ་ཕུག་ལུ་ ཨ་ལོའི་སྤྲོ་འཁྱམས་གླིང་ག་ དག་པ་ཅིག་ལས་བརྒལ་མེད་རུང་ ཡོད་མི་ཚུ་ཡང་ བདག་འཛིན་མེད་པར་ བཞག་དོ་ཡོདཔ་ལས་ གླིང་ག་ལ་ལོ་ཅིག་ནང་ མཐུན་རྐྱེན་ཚུ་ མེདཔ་བཏང་སྟེ་འདུག།

ཐིམ་ཕུག་ལྕང་གླིང་མི་ཐང་གི་ གླིང་ག་དང་ ཐའི་ཊེམ་པཱལ་གྱི་ ས་ཁོངས་ཚུ་ནང་ཡང་ ཕྱགས་སྙིགས་རག་རོག་ཚུ་གིས་ མཛེས་ཆ་དང་ལྡནམ་སྦེ་ མི་མཐོང་པས།

གླིང་ག་ཚུ་ནང་ ཨ་ལོ་ཚུ་ རྩེདམོ་རྩེ་ནིའི་དོན་ལུ་ ཚུལ་དང་ལྡནམ་སྦེ་ འོང་དགོཔ་མ་ཚད་ བདུན་ཕྲག་གི་ངལ་གསོ་སྐབས་ རྒན་རྒས་ཚུ་ཡང་ སྤྲོ་འཁྱམས་སྡོད་ནི་ དེ་ལས་ བཟའ་ཚང་ཚུ་ ཕར་ཚུར་བཤལ་སྡོད་སའི་ ས་གོ་ཧིང་སངས་ས་དང་ ཉམས་དགའ་ཏོག་ཏོ་ཅིག་ འོང་དགོཔ་ཨིན་པས།

སྐྱེས་ལོ་༢༡ ལང་མི་ ཟླ་བ་སྒྲོལ་མ་གིས་ སླབ་མིའི་ནང་ ལྕང་གླིང་མི་ཐང་གི་ ཁྲི་མངའ་གསོལ་རྩེད་ཐང་ནང་ སྐྱེས་ལོ་༦ ལང་མི་ ནོ་གཅུང་དང་གཅིག་ཁར་ རྩེདམོ་རྩེ་བར་ བདུན་ཕྲག་ངལ་གསོའི་སྐབས་ གླ་འཁོར་ནང་ གླ་འཐུས་སྤྲོད་དེ་ འོང་མི་དེ་ཡང་ ནོ་གཅུང་གི་ ཉེན་སྲུང་གི་དོན་ལུ་ཨིན་ཟེར་ཨིནམ་ད་ མོ་དང་འཁྲིལཝ་ད་ ན་གཞོན་ཚུ་གིས་ཡང་ ཨ་ལོ་ཆུང་ཀུ་ཚུ་དང་རྩེད་འགྲན་འབད་རུང་ ལྟ་རྟོག་འབད་མི་ ག་ཡང་མིན་འདུག་ཟེར་ཨིན་པས།

སྤྱི་ལོ་༢༠༠༨ ལུ་ ཁྲི་མངའ་གསོལ་གྱི་ཉིནམ་དང་འབྲེལ་ གཞི་བཙུགས་འབད་མི་ གླིང་ག་དེ་ ཁྲོམ་སྡེ་གིས་ ལན་ཐེངས་༢ ཉམས་བཅོས་འབད་ཡོདཔ་ད་ ལོག་ཉམས་བཅོས་འབད་དགོ་མི་ཚུ་ཡང་ མ་དངུལ་མེདཔ་ལས་ ལུས་སོཔ་ཡོདཔ་སྦེ་ཨིནམ་ད་ ཁྲོམ་སྡེ་ལས་ ནགས་ཚལ་འགོ་དཔོན་གོངམ་ ཤེས་རབ་སྒྲོལ་དཀར་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ དང་༢༠༡༩ ལུ་ འབྲུག་གི་ན་གཞོན་སྡེ་ཚན་གཅིག་ལུ་ གླ་ཁར་བཏང་ཡོད་རུང་ བདག་འཛིན་འབད་ནི་མིན་འདུག་ཟེར་ཨིན་པས།

ཁྲོམ་སྡེ་གིས་ རྒྱ་གར་ཀཱོལ་ཀ་ཊ་ལས་ ནང་འདྲེན་འབད་མི་ ཨ་ལོ་རྩེདམོ་རྩེ་ནིའི་ མཁོ་ཆས་རེ་ལུ་ དངུལ་ཀྲམ་༦༠,༠༠༠ དང་༧༠,༠༠༠ དེ་རེ་སྤྲོད་དེ་ ཉོ་སྒྲུབ་འབད་ཡོདཔ་ད་ མཁོ་ཆས་ཉམས་བཅོས་འབད་ནིའི་དོན་ལུ་ གཞུང་ལམ་ མ་དངུལ་ས་ཡ་༥ ཐོབ་ཡོདཔ་ཨིན་པས།

ཉམས་བཅོས་དེ་ཡང་ སང་ཕོད་མ་གཏོགས་ དུས་ཅི་ འབད་མ་ཚུགས་མི་དེ་ ཤེས་རབ་སྒྲོལ་མ་དང་འཁྲིལཝ་ད་ དུང་ཆུ་དང་ གཞན་མཁོ་ཆས་ཚུ་ འཕྲལ་འཕྲལ་འབད་ར་ མེདཔ་བཏང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ལྕང་གླིང་མི་ཐང་གི་ གླིང་གའི་དོན་ལུ་ ཁྲོམ་སྡེ་གིས་ སྲུང་རྒྱབ་༢ དང་ ལྡུམ་ར་སེལ་མི་༤ ལས་མི་སྦེ་ གོ་སྐབས་སྤྲོད་ཡོདཔ་ད་ གཞན་གླིང་ག་ཚུ་འབད་བ་ཅིན་ མི་༡ ལས་བརྒལ་མེདཔ་ཨིན་པས།

གླིང་ག་བདག་འཛིན་པ་ ཨ་རུང་ཇ་ཇི་གིས་ སླབ་མིའི་ནང་ གླིང་ག་ནང་ དཀའ་ངལ་སྦོམ་ཤོས་ར་ གློག་མེ་མེད་མི་དེ་ཨིན་ཟེར་ཨིནམ་ད་ ས་གོ་དེ་ནང་ གློག་མེ་༧ བཙུགས་ཡོད་མི་ རྒྱུན་ལམ་དེ་ བཀག་བཞག་ཡོདཔ་ལས་ དུས་ཚོད་མང་ཤོས་ཅིག་ནང་ མི་སེར་ཚུ་ ཕྱི་རུ་ཁམས་ཅིག་ཁར་ འོང་དོ་ཡོདཔ་ལས་ ཁྲོམ་སྡེ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།

ཁྲོམ་སྡེ་འགོ་དཔོན་ཚུ་དང་འཁྲིལཝ་ད་ ཕྱི་རུ་གློག་མེ་བཏེག་བཞག་ནི་དེ་ མར་ཕབ་འབད་དགོ་མི་དེ་ཡང་ སྣུམ་འཁོར་ལམ་ལྟེ་བའི་ གློག་མེ་བཏེག་མི་གིས་ མཐོང་ཚུགས་པའི་ཁར་ བྱེམ་ཚུ་ཡང་ གྱིབ་དང་གཅིག་ཁར་ སོར་ནི་དོན་ལུ་ ལཱ་འབད་དོ་ཟེར་ཨིན་པས།

ལྕང་ཇི་ཇི་གི་ ཨ་ལོའི་གླིང་ག་དེ་ ཁྲོམ་སྡེའི་འོག་ལུ་ མེན་མི་ལུ་བརྟེན་ དེ་ཁར་ཡོད་མི་ མཐུན་རྐྱེན་ཚུ་ཡང་ བཙའ་ཆགས་ཡོདཔ་མ་ཚད་ ས་ཁོངས་ནང་ ཕྱགས་སྙིགས་རག་རོག་ཚུ་གིས་ གང་སྟེ་འདུག་ཟེར་ཨིན་པས།

མུ་ཏིག་ཐང་ལུ་ཡོད་མི་ ཨོ་ཟཱོན་གླིང་ག་དེ་ མི་དབང་རྒྱལ་བཙུན་མཆོག་གིས་ སྤྱི་ལོ་༢༠༡༧ ལུ་ འགོ་འབྱེད་གནང་ཡོདཔ་ད་ ད་ལྟོ་ མཐུན་རྐྱེན་ཚུ་ ལེགས་ཤོམ་སྦེ་ཡོདཔ་མ་ཚད་ མཐའ་འཁོར་ཚུ་ཡང་ འཛིན་སྐྱོང་སྒྲིང་སྒྲི་འབད་དེ་འདུག།

ཁྲོམ་སྡེའི་ནགས་ཚལ་འགོ་དཔོན་གོངམ་ ཤེས་རབ་སྒྲོལ་དཀར་གྱིས་ སླབ་མིའི་ནང་ ཁྲོམ་སྡེ་གིས་ མ་འོངས་དོན་ལུ་ གླིང་ག་ཚུ་ ཡར་སེང་འབད་ནི་ཨིནམ་མ་ཚད་ ལས་རོགས་ཚུ་ཡང་ གཞི་བཙུགས་འབད་ནི་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *