ཐིམ་ཕུག་གི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ བཀག་ཆའི་ཞུ་བ་ ཕྱིར་འབུད་བཏང་ཡོདཔ།

༉ ཐིམ་ཕུག་ཁྲོམ་སྡེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་འཛོམས་འདུ་ནང་ལས་ གདམ་འཐུ་གྲུབ་མ་ཚུགས་མི་ བསོད་ནམས་དཔལ་འབྱོར་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ ཐིམ་ཕུག་རྫོང་ཁག་གི་ རྒྱལ་ཡོངས་བཙག་འཐུ་དེ་ བཙག་འཐུ་དང་འབྲེལ་བའི་ རྩོད་བཤེར་མཇུག་མ་བསྡུ་ཚུན་ སྐབས་བབ་བཀག་སྡོམ་གྱི་ བཀའ་རྒྱ་གནང་དགོ་པའི་ ཞུ་ཡིག་ཕུལ་མི་དེ་ ཁྲིམས་འདུན་ལས་ ངོས་ལེན་མ་མཛད་པས།

སྤྱི་ཟླ་༤ པའི་ཚེས་༡༢ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་གིས་ བཀའ་རྒྱ་གནང་མི་དང་འཁྲིལཝ་ད་ མཐོ་གཏུགས་པ་ལུ་ ཁེ་རྒུད་མ་བཏུབ་པའི་ གནད་དོན་གཙོ་བོ་ར་ ཐིམ་ཁྲོམ་གྱི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་མཚོ་སྐྱིད་རྡོ་རྗེའི་ མཐོ་རིམ་ཤེས་ཚད་ ངོ་སྦྱོར་འབད་མི་དེ་ ཁྲིམས་དང་མ་མཐུནམ་ལས་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལས་ བཀག་དགོ་པའི་ཁར་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་/འབྲུག་ངོས་འཛིན་ཚོགས་སྡེ་དང་ མཚོ་སྐྱིད་རྡོ་རྗེ་གཉིས་ འབོད་བཀུག་ཐོག་ ཁྲིམས་ལུགས་ནང་གསལ་ལྟར་ འོད་ལྡན་གྱི་ བཀའ་རྒྱ་གནང་དགོཔ་སྦེ་ ཞུ་མིའི་ཐད་ མངོན་མཐོ་ཁྲིམས་འདུན་གྱིས་ ཧེ་མ་ལས་གནང་ཡོད་མི་ ཁྱབ་བསྒྲགས་དང་ འབྲེལ་གནད་དོན་ཚན་ཚུ་དང་བསྟུནམ་ད་ ངོས་ལེན་མཛད་ཐབས་མེད་པར་ ཕྱིར་འབུད་བཏང་ནུག།

མཐོ་གཏུགས་པ་ བསོད་ནམས་དཔལ་འབྱོར་གྱིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཤེས་ཚད་ལག་ཁྱེར་ ངོ་སྦྱོར་གྱི་ཐད་ལུ་ དྲང་བདེན་གྱི་ གྲོས་ཆོད་མ་གནང་མི་ལུ་ ཁེ་རྒུད་མ་བཏུབ་པར་ སྤྱི་ཟླ་༤ པའི་ཚེས་༩ ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

བསོད་ནམས་དཔལ་འབྱོར་དེ་ སྤྱི་ཟླ་༣ པའི་ཚེས་༨ ལུ་ གཟི་ལུང་ཁ་ལུ་ གདམ་ངོའི་འཛོམས་འདུ་ནང་ ཐིམ་ཕུག་ཁྲོམ་སྡེ་ལས་ དོ་འགྲན་འབད་མི་ འདེམས་ངོ་༤ གི་གྲས་ལས་༡ ཨིན་པས།

མཐོ་གཏུགས་པ་ བསོད་ནམས་དཔལ་འབྱོར་གྱིས་ མཐོ་གཏུགས་འབད་དགོཔ་མི་དེ་ཡང་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་ འདེམས་ངོ་མཚོ་སྐྱིད་རྡོ་རྗེ་གིས་ བཙག་འཐུའི་ཁྲིམས་ལུགས་ལས་འགལ་བའི་ ལཱ་འབད་ཡོད་པའི་སྐོར་ བཙག་འཐུ་ལྷན་ཚོགས་ལུ་ གནད་དོན་༥ གི་ཐོག་ལས་ ཉོགས་བཤད་བཀོད་ཡོད་མི་ལས་ གནད་དོན་༤ ལུ་ འབྲེལ་བ་ཅན་ཚུ་ལུ་ ཉེས་ཆད་བཀལ་ཡོདཔ་མ་ཚད་ ཉེན་བརྡ་འམ་ བཀའ་བཀྱོན་གནང་ཡོད་རུང་ ཤེས་ཚད་དང་འབྲེལ་བའི་ ངོ་སྦྱོར་དང་འབྲེལ་བའི་ གནད་དོན་ནང་ ངོས་ལེན་ཚུལ་མཐུན་འབད་མ་བཏུབ་མི་ལུ་བརྟེན་ཨིན་པས།

ཆེ་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་ནང་ སྤྱི་ཚེས་༣༡/༣/༢༠༡༡ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ བཙག་འཐུ་དང་འབྲེལ་བའི་ ཁྱབ་བསྒྲགས་གནང་ཡོད་མི་དང་ འབྲུག་གི་བཙག་འཐུ་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༣༤ པ་ལྟར་ བཙག་འཐུ་ལྷན་ཚོགས་ཀྱིས་ འདེམས་ངོ་ཚུ་ བཙག་འཐུ་ནང་ འབྲེལ་གཏོགས་མ་འབད་བའི་ སྔ་གོང་ལས་ བཙག་འཐུ་དང་འབྲེལ་བའི་ དགོས་མཁོའི་ཆ་རྐྱེན་སོགས་ ཚུལ་ལྡན་ཡོད་མེད་ཀྱི་ དབྱེ་དཔྱད་མཐིལ་ཕྱིན་གནང་བའི་རྗེས་སུ་ བཙག་འཐུ་ནང་ འབྲེལ་གཏོགས་འབད་ཆོག་པའི་ གནང་བ་གྲོལ་མི་ལུ་བརྟེན་ སྐབས་བབ་ཀྱི་ རྩོད་རྙོགས་བཀོད་མི་དེ་ ངོས་ལེན་མཛད་ཐབས་མ་བྱུང་ཟེར་བཀོད་ནུག།

སྤྱི་ལོ་༢༠༡༡ ལུ་ མངོན་མཐོ་ཁྲིམས་འདུན་གྱི་ ཁྱབ་བསྒྲགས་ནང་ བཙག་འཐུ་ལྷན་ཚོགས་ལས་ ཐག་བཅད་ཀྱི་ གྲོས་ཆོད་བཏོན་ཞིནམ་ལས་ ཉོགས་བཤད་བཀོད་མི་གིས་ ཁྲིམས་ཀྱི་འདུན་སར་ བཤེར་ཡིག་ཕུལ་ཆོགཔ་ཨིན་རུང་ ཁྲིམས་འདུན་གྱིས་ ངེས་བརྟན་དགོཔ་དེ་ཡང་ བཙག་འཐུ་དང་འབྲེལ་བའི་ དོན་མེད་རྩོད་རྙོགས་དང་ གལ་མི་ཆེ་བའི་ གནད་དོན་གང་རུང་གི་ཐོག་ལུ་ ངོས་ལེན་མཛད་ནི་མེདཔ་ལས་ ཁྲིམས་ཀྱི་གཞི་རྩ་དེ་ལུ་ མ་གནས་བཟུང་དགཔ་ཨིན་ཟེར་ བཀོད་ཡོད་མི་དང་འཁྲིལ་ ཆེ་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་པ་ བསོད་ནམས་དཔར་འབྱོར་གྱི་ བཤེར་ཡིག་དེ་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།

མཐོ་གཏུགས་པ་ བསོད་ནམས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཆེ་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་ལུ་ ཁོ་ལས་ གུས་ཞབས་ཡོད་རུང་ ཁོ་གིས་ཞུ་མི་ གནད་དོན་ཚུ་ ཁྲིམས་མཐུན་གྱི་ རྒྱབ་ཁུངས་ཐོག་ སེལ་མ་ཚུགསཔ་ལས་ བསམ་པ་མ་རྫོགས་ཟེར་ཨིན་པས།

ང་གིས་ ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་དགོ་མིའི་ གནད་དོན་གཙོ་བོ་ར་ མ་འོངས་པ་ལུ་ བཙག་འཐུའི་བྱ་རིམ་ནང་ འབྲེལ་གཏོགས་འབད་ནི་གི་ སྤྲོ་བ་ཡོད་མི་ འདེམས་ངོ་ཚུ་གི་ མཐའ་དོན་དང་ ཤེས་ཚད་ཡིག་ཆ་ཚུ་ ངོ་སྦྱོར་འབད་ནིའི་ ལག་ལུགས་ཚུལ་ལྡན་མེད་མི་དེ་ ནོར་བཅོས་ཐོག་ ལེགས་བསྒྱུར་བཟོ་ཐབས་ལུ་ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཡིད་ཆེས་རུང་བའི་ རྒྱུ་མཚན་གསལ་བཀོད་མ་འབད་བར་ ཕྱིར་འབུད་བཏང་ནུག་ཟེར་ བསོད་ནམས་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།

བསོད་ནམས་དཔལ་འབྱོར་གྱིས་ ཉོགས་བཤད་བཀོད་མིའི་ནང་ འདེམས་ངོ་མཚོ་སྐྱིད་རྡོ་རྗེ་ལུ་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་/འབྲུག་ངོས་འཛིན་ཚོགས་སྡེ་གིས་ སྤྱིར་བཏང་ལམ་ལུགས་དང་མ་འཁྲིལ་བར་ མཐོ་རིམ་ཤེས་ཚད་ངོ་སྦྱོར་འབད་ཡོད་མི་དེ་ དང་པ་ཁྲིམས་མཐུན་མེན་པའི་ཁར་ གཉིས་པ་འབདཝ་ད་ གདམ་ངོའི་བཙག་འཐུའི་སྐབས་ འདེམས་ངོ་དེ་ལུ་ ཁྲིམས་མཐུན་མིན་པའི་ ཁེ་ཕན་བྱིན་ཡོད་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་འདོད་ཡོད་མི་ཚུ་གི་བར་ན་ ཁྱད་པར་ཕྱེ་ཡོད་ཟེར་ཨིན་པས།

མཚོ་སྐྱིད་རྡོ་རྗེ་དེ་ བཙག་འཐུའི་དོན་ལུ་ ཁྲིམས་མཐུན་དུས་ཚོད་ཁར་ ཤེས་ཚད་ངོ་སྦྱོར་འབད་མ་ཚུགསཔ་ལས་ ཁོ་ར་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལས་ བཀག་ཆ་འབད་དགོ་པའི་ ཉོགས་བཤད་བཀོད་མི་དེ་ཡང་ ལས་སྡེ་དེ་༢ ཀྱིས་ སྤྱི་ལོ་༢༠༡༨ ལུ་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུ་གི་དོན་ལུ་ དམིགས་བསལ་གྱི་ སྒྲིག་གཞི་ཅིག་བཟོ་སྟེ་ མི་མང་ལུ་ ཀུན་གསལ་གསལ་ཤོག་ནང་ སྤྱི་ཚེས་༢༩/༧/༢༠༡༧ ལུ་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ མི་ངོམ་ཚུ་གི་ མཐོ་རིམ་ཤེས་ཚད་དེ་ ངོ་སྦྱོར་འབད་དགོ་པ་ཅིན་ དང་པ་དང་འདོད་ཅན་གྱི་ མི་ངོ་ཚུ་གིས་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་/འབྲུག་ངོས་འཛིན་ཚོགས་སྡེ་ལུ་ ཞུ་ཡིག་བཙུགས་ནི་དང་ གཉིས་པ་ ལས་སྡེ་གིས་ མི་ངོ་ཚུ་གི་ གཙུག་ལག་སློབ་སྡེ་ལུ་ གློག་རིག་ཐོག་ འབྲེལ་བ་འཐབ་སྟེ་ འབྲེལ་ཡོད་གཙུག་ལག་སློབ་སྡེ་ཚུ་ལས་ མཐོ་རིམ་ཤེས་ཚད་དེ་ ཁྱད་ཚད་ལྡན་པའི་ ཤེས་ཚད་ཨིན་པའི་སྐོར་ལས་ ཁ་གསལ་བརྡ་དོན་ཐོབ་ཞིནམ་ལས་རྐྱངམ་གཅིག་ ངོ་སྦྱོར་འབད་ནི་ཨིན་ཟེར་ བཀོད་དེ་ཡོད་མི་ལུ་བརྟེན་ཨིན་པས།

དེ་འབདཝ་ལས་ སྲིད་ནང་དང་འདོད་ཡོད་མི་ཚུ་གི་ མཐོ་རིམ་ཤེས་ཚད་ ངོ་སྦྱོར་འབདཝ་ད་ ག་ར་ལུ་ གོ་སྐབས་འདྲན་འདྲ་སྤྲོད་ནིའི་དོན་ལུ་ ལས་སྡེ་༢ ཀྱིས་ འབྲེལ་བ་ཡོད་པའི་ ལས་སྡེ་དང་ མི་ངོ་ག་ར་ལུ་ ཚུལ་དང་ལྡན་པའི་ དུས་ཚོད་ཁར་ བརྡ་དོན་སྤྲོད་དེ་ སྔོན་གྱི་ལམ་ལུགས་འདི་ བསྒྱུར་བཅོས་འབད་ནི་མ་གཏོགས་ དེ་མིན་ སྒྲིག་གཞི་ཅིག་བཟོ་སྟེ་ མི་མང་ལུ་ སྤྱི་ཚེས་༢༩/༧/༢༠༡༧ ལུ་ གསལ་བསྒྲགས་འབད་མི་ནང་ བཀོད་དེ་ཡོད་མི་ ལམ་ལུགས་དེ་དང་ར་ འཁྲིལ་དགོ་ཟེར་ བསོད་ནམས་དཔལ་འབྱོར་གྱིས་ ཁྲིམས་འདུན་ལུ་ཕུལ་མི་ ཞུ་ཡིག་ནང་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *