ཐིམ་ཕུག་གི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ བཀག་ཆ་གནང་དགོ་པའི་ཞུ་བ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཤེས་ཚད་ལག་ཁྱེར་ ངོ་སྦྱོར་གྱི་ཐད་ལུ་ དྲང་བདེན་གྱི་ གྲོས་ཆོད་མ་གནང་མི་ལུ་ ཁེ་རྒུད་མ་བཏུབ་མི་ མཐོ་གཏུགས་པ་ བསོད་ནམས་དཔལ་འབྱོར་གྱིས་ ཁ་ཙ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ ཐིམ་ཕུག་རྫོང་ཁག་གི་ རྒྱལ་ཡོངས་བཙག་འཐུ་དེ་ བཙག་འཐུ་དང་འབྲེལ་བའི་ རྩོད་བཤེར་མཇུག་མ་བསྡུ་ཚུན་ སྐབས་བབ་བཀག་སྡོམ་གྱི་ བཀའ་རྒྱ་གནང་དགོ་པའི་ ཞུ་ཡིག་ཕུལ་ནུག།
བསོད་ནམས་དཔལ་འབྱོར་དེ་ སྤྱི་ཟླ་༣ པའི་ཚེས་༨ ལུ་ གཟི་ལུང་ཁ་ལུ་ གདམ་ངོའི་འཛོམས་འདུ་ནང་ ཐིམ་ཕུག་ཁྲོམ་སྡེ་ལས་ དོ་འགྲན་འབད་མི་ འདེམས་ངོ་༤ གི་གྲས་ལས་༡ ཨིན་པས།
མཐོ་གཏུགས་པ་ བསོད་ནམས་དཔལ་འབྱོར་གྱིས་འབད་བ་ཅིན་ དེ་ཚེ་ཕྱི་རུ་ བཙག་འཐུ་ལྷན་ཚོགས་ཀྱིས་ གདམ་ངོ་འཛོམས་འདུའི་ གྲུབ་འབྲས་གསལ་བསྒྲགས་འབད་བའི་སྐབས་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་ འདེམས་ངོ་མཚོ་སྐྱིད་རྡོ་རྗེ་གིས་ བཙག་འཐུའི་ཁྲིམས་ལུགས་ལས་འགལ་བའི་ ལཱ་འབད་ཡོད་པའི་སྐོར་ ཁོ་གིས་ ཧ་གོ་སྟེ་ ལྷན་ཚོགས་ལུ་ གནད་དོན་༥ གི་ཐོག་ལས་ ཉོགས་བཤད་བཀོད་ཅི་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ཧོངས་ལས་ཡང་ གནད་དོན་༤ གི་ རྩོད་རྙོགས་སེལ་ཏེ་ ཐིམ་ཕུག་རྫོང་ཁག་བཙག་འཐུ་ཐོ་བཀོད་འགོ་དཔོན་དང་ བཱསི་གི་དེད་གཡོགཔ་ལུ་ ཉེས་ཆད་བཀལ་ཡོདཔ་མ་ཚད་ ས་གནས་གཞུང་གི་ འགོ་དཔོན་༢ ལུ་ ཉེན་བརྡ་བྱིན་ཡོདཔ་ལས་ དེ་གིས་ ཉོགས་བཤད་བཀོད་མིའི་ ཁ་ཐུག་ལས་ འདེམས་ངོ་མཚོ་སྐྱིད་རྡོ་རྗེ་ལུ་ ཁ་ཉེས་བཀལ་ཡོད་མི་ཚུ་ བདེན་ཁུངས་ཡོད་པའི་ མངོན་གསལ་སྟོན་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཨིན་རུང་ ཁོ་གིས་ ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དགོ་པའི་ གནད་དོན་གཙོ་བོ་ར་ བཙག་འཐུ་ལྷན་ཚོགས་ཀྱིས་ ཤེས་ཚད་དང་འབྲེལ་བའི་ ངོ་སྦྱོར་གྱི་གནད་དོན་ནང་ལྷོདཔ་ད་ ངོས་ལེན་ཚུལ་མཐུན་འབད་མ་བཏུབ་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
མ་གཞི་ ལྷན་ཚེོགས་ཀྱིས་ ཚོགས་རྒྱན་སྐྱུར་མི་ཚུ་ འགྲུལ་འཁོར་བཱསི་ནང་ སྐྱེལ་འདྲེན་འབད་མི་ དེད་གཡོགཔ་དང་ བཙག་འཐུའི་འགོ་དཔོན་ཚུ་གིས་ ས་གནས་གཞུང་གི་ འགོ་དཔོན་ཚུ་ བཙག་འཐུའི་ཉིན་མར་ ཚོགས་རྒྱན་ས་ཁོངས་ནང་ སྡོད་བཅུག་སྟེ་ བཙག་འཐུའི་བཅའ་ཁྲིམས་ལས་ འགལ་ཡོདཔ་ལས་ ཉེས་ཆད་བཀལ་ཡོདཔ་མ་ཚད་ ཉེན་བརྡ་བྱིན་མི་ལུ་ ངོས་ལེན་ཡོད་རུང་ གྲོས་ཆོད་དེ་གིས་ ཁོ་ལུ་ ཚུལ་མཐུན་གསོ་བཅོས་འབད་མ་ཚུགས་ཟེར་ བསོད་ནམས་དཔལ་འབྱོར་གྱིས་ མཐོ་གཏུགས་བཤེར་ཡིག་ནང་བཀོད་ནུག།
འདི་འབདཝ་ལས་ ཆེ་མཐོ་ཁྲིམས་འདུན་ལས་ ཐིམ་ཕུག་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བཙག་འཐུའི་ཐད་ ད་རེས་ཚར་ཅིག་ ཁོ་གིས་ ཁྲིམས་འདུན་ལུ་ཕུལ་མི་ རྩོད་བཤེར་དེ་ མཇུག་མ་བསྡུ་རིང་ སྐབས་བབ་བཀག་སྡོམ་བཀའ་རྒྱ་ཅིག་ གནང་དགོ་པའི་ ཞུ་བ་ཕུལ་མི་དེ་ཡང་ གལ་སྲིད་ བཀག་ཆའི་བཀའ་རྒྱ་མ་གནང་པ་ཅིན་ ཁོ་ལུ་ དངུལ་གྱི་གསོ་བཅོས་འབད་མ་ཚུགས་པའི་ རྒུད་ཕོག་ནིའི་ ཉེན་ཁ་སྦོམ་ཡོད་པའི་ཁར་ བསྒྱུར་བཅོས་དང་ སངས་ཐབས་མེད་པའི་རྒུད་ཕོག་ནིའི་ ཉེན་ཁ་ཡང་ སྦོམ་ཡོད་ཟེར་ བཀོད་ནུག།
ཁོ་གིས་འབད་བ་ཅིན་ ཐིམ་ཕུག་ཁྲོམ་སྡེ་ལས་ གདམ་ངོ་སྦེ་གྲུབ་མི་ མཚོ་སྐྱིད་རྡོ་རྗེ་ལུ་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་དང་ འབྲུག་ངོས་འཛིན་ཚོགས་སྡེ་གིས་ སྤྱིར་བཏང་ལམ་ལུགས་དང་མ་འཁྲིལ་བར་ མཐོ་རིམ་ཤེས་ཚད་ངོ་སྦྱོར་འབད་ཡོད་མི་དེ་ དང་པ་ཁྲིམས་མཐུན་མེན་པའི་ཁར་ གཉིས་པ་འབདཝ་ད་ བཙག་འཐུའི་སྐབས་ འདེམས་ངོ་དེ་ལུ་ ཁྲིམས་མཐུན་མིན་པའི་ ཁེ་ཕན་བྱིན་ཡོད་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་འདོད་ཡོད་མི་ཚུ་གི་བར་ན་ ཁྱད་པར་ཕྱེ་ཡོད་ཟེར་ཨིན་པས།
མཚོ་སྐྱིད་རྡོ་རྗེ་དེ་ བཙག་འཐུའི་དོན་ལུ་ ཁྲིམས་མཐུན་དུས་ཚོད་ཁར་ ཤེས་ཚད་ངོ་སྦྱོར་འབད་མ་ཚུགསཔ་ལས་ ཁོ་ར་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལས་ བཀག་ཆ་འབད་དགོ་པའི་ ཉོགས་བཤད་བཀོད་མི་དེ་ཡང་ ལས་སྡེ་དེ་༢ ཀྱིས་ སྤྱི་ལོ་༢༠༡༨ ལུ་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུ་གི་དོན་ལུ་ དམིགས་བསལ་གྱི་ སྒྲིག་གཞི་ཅིག་བཟོ་སྟེ་ མི་མང་ལུ་ ཀུན་གསལ་གསར་ཤོག་ནང་ སྤྱི་ཚེས་༢༩/༧/༢༠༡༧ ལུ་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ མི་ངོམ་ཚུ་གི་ མཐོ་རིམ་ཤེས་ཚད་དེ་ ངོ་སྦྱོར་འབད་དགོ་པ་ཅིན་ དང་པ་དང་འདོད་ཅན་གྱི་ མི་ངོ་ཚུ་གིས་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་/འབྲུག་ངོས་འཛིན་ཚོགས་སྡེ་ལུ་ ཞུ་ཡིག་བཙུགས་ནི་དང་ གཉིས་པ་ ལས་སྡེ་གིས་ མི་ངོ་ཚུ་གི་ གཙུག་ལག་སློབ་སྡེ་ལུ་ གློག་རིག་ཐོག་ འབྲེལ་བ་འཐབ་སྟེ་ འབྲེལ་ཡོད་གཙུག་ལག་སློབ་སྡེ་ཚུ་ལས་ མཐོ་རིམ་ཤེས་ཚད་དེ་ ཁྱད་ཚད་ལྡན་པའི་ ཤེས་ཚད་ཨིན་པའི་སྐོར་ལས་ ཁ་གསལ་བརྡ་དོན་ཐོབ་ཞིནམ་ལས་རྐྱངམ་གཅིག་ ངོ་སྦྱོར་འབད་ནི་ཨིན་ཟེར་ བཀོད་དེ་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ སྲིད་ནང་དང་འདོད་ཡོད་མི་ཚུ་གི་ མཐོ་རིམ་ཤེས་ཚད་ ངོ་སྦྱོར་འབདཝ་ད་ ག་ར་ལུ་ གོ་སྐབས་འདྲན་འདྲ་སྤྲོད་ནིའི་དོན་ལུ་ ལས་སྡེ་༢ ཀྱིས་ འབྲེལ་བ་ཡོད་པའི་ ལས་སྡེ་དང་ མི་ངོ་ག་ར་ལུ་ ཚུལ་དང་ལྡན་པའི་ དུས་ཚོད་ཁར་ བརྡ་དོན་སྤྲོད་དེ་ སྔོན་གྱི་ལམ་ལུགས་འདི་ བསྒྱུར་བཅོས་འབད་ནི་མ་གཏོགས་ དེ་མིན་ སྒྲིག་གཞི་ཅིག་བཟོ་སྟེ་ མི་མང་ལུ་ སྤྱི་ཚེས་༢༩/༧/༢༠༡༧ ལུ་ གསལ་བསྒྲགས་འབད་མི་ནང་ བཀོད་དེ་ཡོད་མི་ ལམ་ལུགས་དེ་དང་ར་འཁྲིལ་དགོ་ཟེར་ བསོད་ནམས་དཔལ་འབྱོར་གྱིས་ ཞུ་ཡིག་ནང་བཀོད་ནུག།
ཁོ་གིས་འབད་བ་ཅིན་ མཚོ་སྐྱིད་རྡོ་རྗེ་དེ་ བཙག་འཐུ་ནང་ བཅའ་མར་གཏོགས་བཅུག་ནི་ལས་ བཀག་དགོ་མི་དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱིས་ གདམ་ངོ་གཞན་ བཀྲིས་སྒང་ལས་༡ དང་ གསར་སྤང་ལས་༡ ལུ་ མཐོ་རིམ་ཤེས་ཚད་མིན་འདུག་ཟེར་ ཁོང་རའི་གཙུག་ལག་སློབ་སྡེ་ཚུ་ལས་ མཐོ་རིམ་ཤེས་ཚད་དེ་ ཁྱད་ཚད་དང་ལྡན་པའི་ ཤེས་ཚད་ཨིན་པའི་སྐོར་ ལས་སྡེ་༢ ལུ་ དུས་ཚོད་ཁར་ བརྡ་དོན་མ་ལྷོད་པའི་གནད་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་མ་ཆོག་པའི་ བཀའ་རྒྱ་གནང་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
ཁྲིམས་ཀྱི་གཞི་རྩ་དང་བསྟུན་པའི་སྐབས་ གནས་སྟངས་ཅོག་འཐདཔ་ཡོད་པའི་ མི་སེར་ཚུ་ལས་ གཅིག་གདམ་ཁ་རྐྱབ་སྟེ་ སོ་སོར་་ཅིག་ གཞན་དང་མ་འདྲཝ་སྦེ་ རྩིས་མ་ཆོགཔ་ལས་ མཚོ་སྐྱིད་རྡོ་རྗེ་རྐྱངམ་གཅིག་ལུ་ གཞན་དང་མ་འདྲ་བའི་ གོ་སྐབས་བྱིན་པ་ཅིན་ ཁྲིམས་ཀྱི་གཞི་རྩ་ལས་ འགལ་བ་ཅིག་ཨིན་ཟེར་ མཐོ་གཏུགས་པ་གིས་བཀོད་ནུག།
རྒྱུ་མཚན་དེ་ཚུ་ལུ་བརྟེན་ ཁྲིམས་འདུན་ལུ་ སྐབས་བབ་བཀག་སྡོམ་གྱི་ བཀའ་རྒྱ་གནང་དགོ་པའི་ ཞུ་བ་ཕུལཝ་བཞིན་དུ་ གལ་སྲིད་ བཀག་ཆའི་བཀའ་རྒྱ་མ་གནང་པ་ཅིན་ ཁོ་ལུ་ དངུལ་གྱི་གསོ་བཅོས་འབད་མ་ཚུགས་པའི་ རྒུད་ཕོག་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ བསོད་ནམས་དཔལ་འབྱོར་གྱིས་ ཞུ་ཡིག་ནང་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *