ཐིམ་ཕུག་ཁྲོམ་ ལེགས་བསྒྱུར་འབད་ནི་གི་ གོ་སྐབས་ལེ་ཤ་ཡོདཔ།

༉ ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ཧེ་མ་ ཐིམ་ཕུག་ལུང་གཤོང་ནང་ ག་ནི་བ་ མཛེས་ཏོག་ཏོ་དང་ སྔོ་ལྗང་ཅན་སྦེ་གནས་མི་ འབྱ་ཞིང་ཚུ་ ཐང་སྙོམས་ཏང་ཏ་བཟོ་ཡོདཔ་མ་ཚད་ རྩི་སའི་སྒྲིང་ཁྱིམ་ཚུ་ ཤ་མུ་བཟུམ་སྦེ་ འཕྱེལ་འགྱོ་ནི་ འགོ་བཙུགས་མི་དང་བསྟུན་ ཐིམ་ཕུག་དེ་ རྒྱལ་ས་ལྟེ་བའི་ ཁྲོམ་ཚོགས་ཅིག་སྦེ་ དུས་ཡུན་ཐུང་ཀུ་ཅིག་ནང་ར་ ཡར་རྒྱས་གོང་འཕེལ་སོང་སྟེ་ཡོདཔ་ཨིན།

གོང་འཕེལ་གྱི་ འགྱུར་བ་དེ་ཡང་ ཧ་ལས་སི་སི་སྦེ་བྱུང་སར་ མཐོང་ཡོདཔ་ཨིན་རུང་ འགྱུར་བ་མགྱོགས་དྲགས་སྦེ་ འགྱོ་མི་དེ་ལུ་ ང་བཅས་ཀྱིས་ བདའ་མ་ཟུན་པར་ རྒྱབ་ཁར་ལུས་མི་དེ་ སེམས་ཕམ་དང་ བློ་འགྱོད་བྱུང་པའི་ གཞི་གནད་ཅིག་ཨིན་མས།

མ་གཞི་ རྒྱལ་ས་ལྟེ་བའི་ཁྲོམ་དེ་ ཁྱད་ཆོས་གཞན་དང་མ་འདྲཝ་སྦེ་ གོང་འཕེལ་འགྱོ་དོ་ཡོདཔ་ལས་ འཛམ་གླིང་ནང་ མིག་དཔེ་ཁྲོམ་ཅིག་ འོང་དགོཔ་ཨིན་རུང་ ཆུ་གིས་ཕྱུག་པའི་ རྒྱལ་ཁབ་འདི་ནང་ ང་བཅས་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་སྦོམ་བྱུང་ཡོད་མི་དེ་ རྣམ་རྟོག་དང་ ཧ་ལས་སི་སི་ཅིག་ཨིན་མས།

ག་འཆརཔ་ཟེར་བ་ཅིན་ ཁྲོམ་སྡེའི་ས་གནས་ལ་ལོ་ཅིག་ནང་ སྡོད་མི་ཚུ་ལུ་ འཐུང་ཆུ་འོང་ནི་མེད་པར་ རོང་ཆུ་དང་ གཙང་ཆུ་ དེ་ལས་ ཉེ་ཚན་དང་ ལྟ་ལྟོ་ཚང་ཚུ་གི་ ཁྱིམ་ནང་ལས་ ཆུ་དབོགས་འཐུང་སྟེ་ བདུན་ཕྲག་དག་པ་ཅིག་ ཡར་སོ་ནུག།

འདི་བཟུམ་མའི་ ཆུ་འབོལ་དྲགས་ཡོད་པའི་ རྒྱལ་ཁབ་ནང་ འཐུང་ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་མ་ཚུགསཔ་ད་ ང་བཅས་ཀྱིས་ ག་ལུ་ ཁ་གཏང་ནི་ཨིན་ན?  དེ་ཡང་ ང་བཅས་རའི་ རང་བཞིན་ཉམས་སྲུང་འབད་མི་དང་ ནགས་ཚལ་བསྐྱར་གསོའི་ལཱ་ཚུ་ལུ་ ཁ་གཏང་ནི་ཨིན་ན་ ཡང་ཅིན་ འཐུང་ཆུ་བཀྲམ་སྤེལ་ལམ་ལུགས་ སྐྱོ་དྲགས་ཡོད་མི་ལུ་བརྟེན་ཨིན་ན?

ཁྲོམ་སྡེའི་ཁ་ཐུག་ལས་ ཁྲོམ་སྡེའི་ནང་ ཆུའི་དཀའ་ངལ་སེལ་ཐབས་ལུ་ ཆུ་རྐ་ཚུ་ལས་ ཆུ་འཐེན་ནི་དང་ གཙང་ཆུ་ལས་ འཐེན་འཕྲུལ་ལག་ལེན་འཐབ་སྟེ་ ཆུ་ལངམ་སྦེ་ བགོ་བཀྲམ་འབད་ནི་གི་ ལས་འགུལ་ཚུ་ འགོ་བཙུགས་དོ་ཡོད་པའི་སྐོར་ ལོ་རེ་འཆར་མེད་པར་ ལོ་རྒྱུས་སླབ་སར་ གོཝ་མ་ཚད་ ད་ལས་ཕར་འབད་རུང་ ང་བཅས་ཀྱིས་ འདི་བཟུམ་མའི་ ལོ་རྒྱུས་སླབ་སར་གོ་འོང་།

བར་ན་ལས་ ཁྲོམ་ཁར་སྡོད་མི་ཚུ་ རིན་ཐང་ཅན་ལུ་གྱུར་མི་ འཐུང་ཆུ་མེད་པར་ དབུགས་འགམ་ཐོག་ལས་ འབད་ཐབས་ག་ནི་ཡང་མེད་པར་ སྡོད་དགོཔ་བྱུང་མི་དེ་ འབྲེལ་ཡོད་དབང་འཛིན་གྱི་ ཁ་ཐུག་ལས་ ཁྲོམ་སྡེའི་གཞི་རྟེན་མཐུན་རྐྱེན་ མཁོ་སྤྲོད་འབད་ནི་ལུ་ འཐུས་ཤོར་བྱུང་པའི་ བརྡ་མཚོན་སྟོནམ་མས།

ད་རུང་ ཆུའི་དཀའ་ངལ་རྐྱངམ་གཅིག་གིས་མ་དོ་བར་ ང་བཅས་རའི་ ཁྲོམ་ལམ་གྱི་ གནས་སྟངས་ལུ་ བལྟ་བ་ཅིན་ ལམ་ཧ་ཀ་ཧོ་ཀ་རྫོགས་ནི་མེད་པའི་ཁར་ རྒྱུན་འགྲུལ་འཐབ་ད་ ཐལཝ་སློངས་ཏེ་ མཐའ་འཁོར་ཁམས་ལོག་སི་སི་ བཟོཝ་མ་ཚད་ ཁྲོམ་ལམ་ཚུ་ ལཱ་ཁག་སྦེ་ རྩི་ནག་བཏང་ཚརཝ་ད་ ཆུ་གཡུར་དང་ བཙོག་གཡུར་སེལ་ནི་ དེ་ལས་ གློག་ཐག་དང་ རྒྱང་མཐོང་གློག་ཐག་ལ་སོགས་པ་ཚུ་ ས་འོག་ལས་ འཐེན་ནིའི་དོན་ལུ་ ས་གནས་ཐདམ་ཐད་ཁ་ལས་པར་ དོང་བརྐོ་མི་དེ་གིས་ རྒྱལ་ས་ལྟེ་བའི་ ཁྲོམ་ལམ་མེནཔ་བཟུམ་སྦེ་ མཐོང་ས།གསལ་བྱུངམ་མས།

ཁྲོམ་ནང་འགྱོ་བ་ཅིན་ ལམ་སྦུག་ལས་ བཙོག་ཆུའི་གཡུར་བ་རྦད་དེ་ ཨ་དྲི་ཁོག་ཁོ་སྦེ་བཟོ་བའི་ གནས་སྟངས་ཚུ་ལུ་ལྟཝ་ད་ ཁྲོམ་སྡེའི་འཆར་གཞི་ཚུ་ ལེགས་ཤོམ་སྦེ་ མ་བརྩམས་པའི་ སྐྱོན་ཅིག་སྦེ་མཐོངམ་མས།

དེ་ལས་ ང་བཅས་ཀྱིས་ ལམ་རྩུབ་དྲགས་དང་ ཧ་ཀ་ཧོ་ཀ་བརྒྱུད་དེ་ ཞབས་ཏོག་ལྟེ་བ་ཚུ་ནང་ རྐང་བཙུགས་སྦེ་ འགྱོ་བའི་བསྒང་ལས་ ཡིག་ཚང་ནང་ལྷོདཔ་ད་ དུས་ཚོད་མང་ཤོས་ར་ ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་དང་ ཕྱད་མི་ཚུགས་དོ་ཡོདཔ་ད་ སྨན་ཁང་ནང་ འགྱོ་བ་ཅིན་ གཞི་རྟེན་གསོ་བའི་ཞབས་ཏོག་ ལེན་ནིའི་དོན་ལུ་ དངམ་གཅིག་ལུ་ གྱལ་བསྣར་ཏེ་ སྡོད་དགོཔ་མ་ཚད་ ན་འཐན་ར་ རང་གི་ཨང་རྟགས་ནང་ལྷོདཔ་ད་ ནང་ན་དྲུང་འཚོ་མེད་མི་དང་ ཁ་ཐུག་རྐྱབ་ད་ ཧེང་སྐལ་ར་ དབུགས་འགམ་དགོཔ་བྱུངམ་མས།

དེ་བཟུམ་སྦེ་ རང་ལཱ་ཁག་ཆེཝ་ཐོན་ཏེ་ གཞུང་གི་ཡིག་ཚང་ནང་ལས་ཕར་འགྱོཝ་ད་ ང་བཅས་ཀྱི་ འགོ་དཔོན་ཚུ་ རྒྱལ་ཁབ་ཕྱི་ནང་ལུ་ ལྟ་སྐོར་ལུ་སོང་སྟེ་ ཕྱད་མ་ཚུགས་པའི་བསྒང་ལས་ ང་བཅས་རའི་ ཁྱད་གཡོགཔ་ཚུ་གི་ ལྕོགས་གྲུབ་དང་ འཇོན་ཐངས་ དེ་ལས་ ལཱ་གི་གྲུབ་འབྲས་ཚུ་ལུ་ དོགས་པ་ཆགས་དགོཔ་ བྱུངམ་ཨིན་མས།

ཐིམ་ཕུག་ཁྲོམ་གྱི་ གནས་སྟངས་དེ་ ལེགས་བསྒྱུར་མེན་པར་ སྐྱོ་དྲགས་སྦེ་འགྱོཝ་ད་ ང་བཅས་ཁྲོམ་ནང་ སྡོད་མི་ཚུ་ལུ་ ཚ་གྱང་ལང་དགོཔ་ བྱུང་མི་དེ་ཡང་ རྒྱལ་ས་ལྟེ་བའི་ ཁྲོམ་རྐྱངམ་གཅིག་མེན་པར་ ད་ལྟོ་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ ཁྲོམ་གཞན་ཚུ་ནང་ དཀའ་ངལ་གྱི་ གནས་སྟངས་ཅིག་ལུ་ གྱུར་དོ་ཡོད་ནི་དེ་གིས་ཨིན།

དེ་ཚུ་ལུ་ལྟཝ་ད་ ང་བཅས་ཀྱི་ གོང་འཕེལ་ལམ་ལུགས་དང་ འཆར་གཞི་ཚུ་ནང་ དཀའ་ངལ་དང་ ནོར་བ་ཚུ་ཡོདཔ་ འོང་ནི་ཨིནམ་ད་ དེ་མིན་ རྒྱལ་ས་ལྟེ་བའི་ཁྲོམ་དེ་ གཞན་དང་མ་འདྲཝ་སྦེ་ གོང་འཕེལ་གཏང་ནི་གི་ གོ་སྐབས་སྦོམ་ཡོད་ཟེར་ ཞུ་ནི་ཨིན།

About admin

Check Also

འབྲུག་པཱན་ཇབ་དངུལ་ཁང་གི་ ལས་བྱེདཔ་ཅིག་ལུ་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ཕོག་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ འབྲུག་པཱན་ཇབ་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་ཨེ་ཊི་ཨེམ་གྱི་ ལཱ་འབད་མི་ འཕྲིན་ལས་རྒྱ་མཚོ་གིས་ ཐིམ་ཕུག་ཁྲོམ་ལུ་ཡོད་པའི་ དངུལ་ཁང་གི་ ཨེ་ཊི་ཨེམ་༩ དེ་ཅིག་ལས་ དངུལ་ཀྲམ་ས་ཡ་༡༠ ལྷགཔ་ཅིག་ ཚུལ་མིན་སྒེར་སྤྱོད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ …

Leave a Reply

Your email address will not be published. Required fields are marked *