ལྕང་ཟམ་ཏོག་ཙན་དན་ཤིང་གི་ སྦོ་ལོགས་ཁར་ འཁོར་ལམ་ལེགས་བཅོས་འབད་དེ་ རྩི་ནག་གཏང་ཆོག་ཆོ་བཟོ་ཡོད་རུང་ ལམ་འོག་ལས་ རྩི་སའི་དུང་བཙུགས་དགོཔ་ལས་ ད་རུང་ ལམ་གུ་ལས་ གདོང་བརྐོ་ནི་ཨིན་པས།

ཐིམ་ཕུག་ཁྲོམ་སྡེའི་ འཛོམས་ལམ་ལེགས་བཅོས་ཀྱི་ལཱ་ ཡུན་འགྱངས་ལུས་ཡོདཔ།

༉ ཐིམ་ཕུག་ཁྲོམ་སྡེའི་ ས་ཁོངས་༨ དེ་ཅིག་ནང་ འཛོམས་ལམ་ལེགས་བཅོས་འབད་ནིའི་ལཱ་ཚུ་ ཡུན་འགྱངས་ལུས་ཡོདཔ་ད་ འཆར་གཞི་དང་འཁྲིལ་བ་ཅིན་ ལཱ་དེ་ཚུ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ མཇུག་བསྡུ་ནི་གི་ དམིགས་གཏད་ཨིན་པས།

ཁྲོས་སྡེ་གིས་ ན་ཧིང་ སྤྱི་ཟླ་༤ པའི་ནང་ འཛོམས་ལམ་ཁག་༨ ལེགས་བཅོས་་འབད་ནིའི་དོན་ལས་ པ་སངས་བཟོ་སྐྲུན་ལས་སྡེ་ལུ་ སྤྲོད་ཡོད་རུང་ ཁྱུང་བདུད་ཤིང་དྲ་ཁང་གི་ལྟག་ལུ་ཡོད་པའི་ འཛོམས་ལམ་རྐྱངམ་གཅིག་ མཇུག་བསྡུ་ཡོདཔ་ཨིན་པས།

ཀེཕ་༦ དང་ འབྲུག་སློབ་གྲྭའི་སྦོ་ལོགས་ཁར་ཡོད་མི་ འཛོམས་ལམ་ཁར་ ཧ་ལམ་ མཇུག་བསྡུ་སྟེ་ རྩི་ནག་གཏང་ནི་གུ་ ལྷོད་ཡོད་རུང་ ཆུ་རྩལ་ཁང་གི་ འཛོམས་ལམ་དང་ རིན་ཆེན་ཀུན་ཕན་སློབ་གྲྭ་ཆུང་བའི་ལྟག་ལུ་ ནོར་གླིང་སྒྲིང་ཁྱིམ་དང་ ཧོང་ཀོང་མར་ཀེཊ་ནང་ སངས་རྒྱས་ཚོང་ཁང་གི་ སྦོ་ལོགས་ཁར་ཡོད་མི་ འཛོམས་ལམ་ཚུ་ནང་ ལེགས་བཅོས་འབད་ནི་ འགོ་མ་བཙུགས་པས།

ད་རུང་ ལྕང་ཟམ་ཏོག་ལུ་ཡོད་པའི་ སྟེང་ཟམ་ལས་ བདེ་སྐྱིད་སློབ་གྲྭ་ཚུན་གྱི་ ལཱ་ཚུ་ཡང་ མཇུག་མ་བསྡུ་བར་ཡོདཔ་ཨིན་པས།

པ་སངས་བཟོ་སྐྲུན་ལས་སྡེའི་ ལས་འགུལ་མདོ་ཆེན་ འཇིགས་མེད་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ འབྲུག་བརྒྱུད་འཕྲིན་དང་ འབྲུག་གློག་མེ་ལས་འཛིན་ བཀྲིས་འགྲུལ་འཕྲིན་ཚུ་གི་ ས་འོག་རྒྱུན་ཐག་ཚུ་ འཐེན་ནིའི་དོན་ལས་ ཨེཇ་ཌི་པི་ཨི་ཟེར་ རྒྱུ་ཆས་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།

བརྒྱུད་ཐག་དང་ གློག་ཐག་ཚུ་ ས་འོག་ལུ་ བཙུགས་ནིའི་དོན་ལས་ ད་རུང་ འཁོར་ལམ་ཚུ་ལས་ དོང་བརྐོ་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ལཱ་དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པར་ ཡུན་འགྱངས་ལུས་མི་དེ་ ས་འོག་གི་ བརྒྱུད་ཐག་དང་ གློག་ཐག་བཙུགས་ནིའི་ བཟོ་བཀོད་དང་ འཆར་གཞི་བསྒྱུར་བཅོས་འགྱོ་ནི་དེ་གིས་ཨིན་ཟེར་ཨིན་པས།

འཇིགས་མེད་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ འགོ་ཐོག་གི་ བཟོ་བཀོད་དང་འཁྲིལ་བ་ཅིན་ མི་སྡོད་སའི་ སྒྲིང་ཁྱིམ་ཚུ་གི་གདོང་ཁར་ རྩི་སའི་རྐང་ལམ་དང་ དེ་གི་འོག་ལས་ གཡུར་བ་བཟོ་སྐྲུན་འབད་དགོཔ་ཨིན་རུང་ སྒྲིང་ཁྱིམ་ཚུ་ནང་ སྡོད་མི་ཚུ་གིས་ རྐང་ལམ་བཟོ་སྐྲུན་འབད་གནང་ཟེར་ ཁྲོམ་སྡེ་ལུ་ ཞུ་བ་འབད་ནུག་ཟེར་ཨིན་པས།

དེ་འབདཝ་ལས་ ལས་སྡེ་གིས་ ན་ཧིང་ སྤྱི་ཟླ་༧ པའི་ནང་ ཉིན་གྲངས་༢༠ ལཱ་འབད་མ་ཚུགས་པར་ ཐོགས་ལུས་སོ་ཡི་ཟེར་ཨིནམ་ད་ ཁྲོམ་སྡེ་གིས་ རྐང་ལམ་དེ་ འཁོར་ལམ་གྱི་ གཡོན་ཁ་ཐུག་ལས་ བཟོ་སྐྲུན་འབད་དགོཔ་དང་ བཟོ་བཀོད་ཡང་ བསྒྱུར་བཅོས་འབད་དེ་ རྩི་སའི་དུང་ཚུ་ བཙུགས་དགོ་པའི་ བཀོད་རྒྱ་ཐོབ་ཅིག་ཟེར་ ལས་འགུལ་མདོ་ཆེན་གྱིས་ བཤདཔ་ཨིན་པས།

ཁོང་གིས་ རྩི་སའི་དུང་༡༨༠ ལྷགཔ་ཅིག་ དགོཔ་ཡོད་རུང་ དཔག་བསམ་ཁ་ལས་༡༣ རྐྱངམ་གཅིག་ མཁོ་སྒྲུབ་འབད་ཚུགས་ཟེར་ཨིནམ་ད་ འགོ་ཐོག་གི་ འཆར་གཞི་དང་འཁྲིལ་ ལཱ་འབད་ཡོད་པ་ཅིན་ ལཱ་དེ་ཚུ་ དུས་ཡུན་ཟླཝ་༣ གྱི་ ནང་འཁོད་ལུ་ མཇུག་བསྡུ་བསྡུཝ་འོང་ཟེར་ འཇིགས་མེད་ལྷུན་གྲུབ་ཀྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ འཆར་གཞི་ནང་མེད་པར་ ས་དོང་བརྐོ་ནི་དེ་ གདོང་ལེན་སྦོམ་འདུག་ཟེར་ཨིནམ་ད་ དེ་བཟུམ་མའི་ ལཱ་འགོ་མ་བཙུགསཔ་ལས་ར་ འབྲེལ་ཡོད་དབང་འཛིན་ཚུ་ལས་ ཉོགས་མེད་གནང་བ་ལེན་དགོཔ་སྦེ་ ཁྲོམ་སྡེ་བཟོ་རིག་འགན་འཛིན་པ་ལུ་ སླབ་ཅི་ཟེར་ཨིན་པས།

ཁྲོམ་སྡེའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ འབྲེལ་ཡོད་ལས་འཛིན་ཚུ་ལུ་ བརྒྱུད་ཐག་འཐེན་ནིའི་ ཐབས་ལམ་གཞན་མེདཔ་ལས་ ཉོགས་མེད་གནང་བ་བྱིན་ནིའི་ གྲ་སྒྲིག་མིན་འདུག་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *