ཐིམ་ཕུག་ཁྲོམ་སྡེའི་ འདེམས་ངོ་༣ གྱིས་ ཆུ་དང་འཁོར་ལམ་གྱི་ དཀའ་ངལ་ཚུ་སེལ་ནི།

༉ ཁ་ཙ་ ཐིམ་ཕུག་ཁྲོམ་སྡེའི་ཁྲོམ་དཔོན་གྱི་དོན་ལུ་ འདེམས་ངོ་༣ གྱི་བར་ན་ རྩོད་བསྡུར་འབདཝ་ད་ ཁྲོམ་ལམ་ལེགས་བཅོས་འབད་ནི་དང་ སྣུམ་འཁོར་རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་སེལ་ནི་ དེ་ལས་ སྣུམ་འཁོར་བཞག་སའི་ ས་ཁོངས་བཟོ་ཐོག་ལ་ མི་མང་གི་ ཞབས་ཏོག་གང་དྲག་ཞུ་ནི་ལུ་ གཙོ་བོར་བཏོན་ཡི།

འདེམས་ངོ་༣ ཆ་ར་གིས་ ཁྲོམ་སྡེ་དེ་ ལྕོགས་གྲུབ་དང་ལྡནམ་བཟོ་ནི་དང་ སྒྲིང་སྒྲི་བཞག་ནི་ མི་སྡེའི་ཞབས་ཏོག་ཚུ་ སྤུས་ཚད་དང་ལྡནམ་བྱིན་ནི་གི་ ཁས་བླངས་འབད་ཡི།

འབྱུང་བཞི་ན་-ཀ་ཝང་བྱང་ས་འདེམས་ཁོངས་ལས་ འདེམས་ངོ་ཨྱོན་རྡོ་རྗེ་གིས་ ཡིག་ཚང་ནང་འཁོད་ གཞན་ལུ་ གོ་སྐབས་བྱིན་ནི་དང་ ལྕོགས་གྲུབ་དང་ མཉམ་འབྲེལ་ཡར་དྲག་གཏང་ནི་ ཡིག་ཚང་ནང་ འཚེར་སྣང་མེད་པའི་ ལཱ་འབད་ནིའི་ ལམ་ལུགས་གཞི་བཙུགས་འབད་དེ་ མི་སེར་གྱི་ ཞབས་ཏོག་ག་དེ་དྲག་དྲག་བྱིན་ནིཟེར་བཤད་ཅི། 

མི་རློབས་ཡར་སེང་དང་ ཁྲོམ་ཚོགས་གོང་འཕེལ་ ཡུན་བརྟན་གནས་ཐབས་དང་ ད་ལྟོ་ཚུན་ ལཱ་ལེ་ཤ་བཀྲམ་ཡོད་མི་དང་ འཆར་གཞི་ནང་ཡོད་མི་ ལས་སྣ་ཚུ་ གཙོ་རིམ་སྒྲིག་ནི་དང་ མཐུན་རྐྱེན་མཁོ་སྒྲུབ་འབད་དེ་ ལག་ལེན་འཐབ་འོང་ཟེར་ འདེམས་ངོ་ཨྱོན་རྡོ་རྗེ་གིས་ བཤད་ཅི། 

ཁྲོམ་སྡེའི་འགོ་དཔོན་དང་ འབྲེལ་བ་འཐབ་མ་དགོ་པར་ གློག་རིག་ཡོངས་འབྲེལ་ཐོག་ལས་ ཞབས་ཏོག་བྱིན་ནི་ཨིནམ་ད་ དེ་ཡང་ རང་སོའི་འགྲུལ་འཕྲིན་ཐོག་ལས་ ཞབས་ཏོག་སྤྱོད་ཚུགསཔ་བཟོ་ནི་དང་ ལམ་དང་ཁྱིམ་གྱི་ཁ་བྱང་ཚུ་ ཟླ་ངོ་༦ གི་ནང་འཁོད་བཟོ་བྱིན་ནི་ཨིན་ཟེར་ ཁོ་གིས་ བཤད་ཅི།

ཨྱོན་རྡོ་རྗེ་གིས་འབད་བ་ཅིན་ ཁྲོམ་སྡེ་ནང་ ཆུའི་དཀའ་ངལ་དང་ ཆུ་གཡུར་ ཕྱགས་སྙིགས་འཛིན་སྐྱོང་དང་ བསྡུ་ལེན་ཚུ་ དུས་ཚོད་ཁར་ འབད་མ་ཚུགས་པའི་ དཀའ་ངལ་ཚུ་སེལ་ནི་ འགན་ཁུར་དང་ འགན་འཁྲི་ཚུ་ དབང་ཚད་ཕྱིར་སྤེལ་ཐོག་ལས་ འབག་ནིའི་དོན་ལུ་ འདེམས་ཁོངས་རེ་ནང་ ཡིག་ཚང་རེ་རྐྱབ་ནི་ཟེར་ཨིན་པས།

སྣུམ་འཁོར་ཚུ་ ཕར་ཚུར་བདའ་འགྱོཝ་ད་ ཁྲོམ་ནང་དཀའ་ངལ་ཡོད་མི་དེ་ གཙང་ཆུ་དང་ རོང་ཆུ་གུ་ལས་ཕར་ ཟམ་རྐྱབ་སྟེ་ སྟབས་བདེ་ཏོག་ཏོ་བཟོ་ནི་ མི་མང་སྐྱེལ་འདྲེན་བཱསི་དང་ གླ་འཁོར་གྱི་རྒྱུན་ལམ་ཚུ་ ལེགས་ཤོམ་བཟོ་ཞིནམ་ལས་ ས་གནས་ཁག་ཚུ་ནང་ ཞབས་ཏོག་ལེགས་ཤོམ་སྤྲོད་ནི་ཟེར་ཨིན་པས།

བར་སྦིས་ས་འདེམས་ཁོངས་ལས་ ཀུན་ལེགས་རྡོ་རྗེ་གིས་ བཤད་མིའི་ནང་ ཁྲོམ་དཔོན་ཚར་༢ འབད་རུང་ ལོག་དོ་འགྲན་འབད་དགོ་མི་དེ་ འདས་པའི་ལོ་༡༠ གྱི་རིང་ ཕྱག་ཞུ་བའི་ནམ་དུས་ལུ་ བརྒྱ་ཆ་༨༠ དེ་ཅིག་གི་ དཀའ་ངལ་བསལ་ཡོད་པའི་ ལྷག་ལུས་ཚུ་ སེལ་དགོཔ་ཡོད་མི་དང་ རྒྱལ་ཁབ་གོང་འཕེལ་ཐལ་ ཁྱིམ་གྱི་གྱངས་ཁ་དང་ མི་རློབས་ཡར་སེང་འགྱོ་བའི་ཁར་ ཧེ་མ་མེད་མི་དཀའ་ངལ་ ད་ལྟོ་གསརཔ་ཐོན་དོ་ཡོད་མི་ཚུ་ལུ་ གཞི་བཞག་སྟེ་ བཅའ་མར་གཏོགས་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་སྡེ་སྒྲིང་སྒྲི་བཟོ་ནི་ལུ་ གཙོ་བོར་བཏོན་ནི་ཨིན་མི་དེ་ཡང་ ཁྱིམ་ཚང་ནང་འཁོད་ བདེ་སྒྲིག་འབད་ནི་དང་ ཕྱགས་སྙིགས་འཛིན་སྐྱོང་དང་ འཐུང་ཆུ་དང་ འཁོར་ལམ་ཧ་ཀ་ཧོ་ཀ་ཡོད་མིའི་ དཀའ་ངལ་ཚུ་ བརྒྱ་ཆ་༩༩ བསལ་ཚར་ཡོདཔ་ལས་ ད་ལྟོ་ བརྒྱ་ཆ་༡ དེ་ཅིག་མ་གཏོགས་ མ་ལུས་མི་ཚུ་ཡང་ སེལ་ནི་ཟེར་ཨིན་པས།

སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ཚུ་ཡང་ དཔེ་འབད་བ་ཅིན་ ལུང་བསྟན་ཟམ་པ་ལུ་ དྲོ་པ་དང་ ཕྱི་རུ་སྣུམ་འཁོར་གྱལ་རིམ་སྒྲིག་སྡོད་དགོ་པའི་ དཀའ་ངལ་དེ་ ཟམ་ལྟག་དང་འོག་སྦེ་ སྣུམ་འཁོར་༤ རེ་ཤོང་མི་ ཟམ་བཟོ་སྐྲུན་འབད་ནིའི་དོན་ལུ་ འཆར་གཞི་བརྩམས་ཚར་མི་དེ་ བསྟར་སྤྱོད་འབད་ནི་དང་ སྒོར་ལམ་གྱི་ ཕྱོགས་༤ ལས་ སྣུམ་འཁོར་འོང་མི་ཚུ་ བཀག་ཐོགས་ཀྱི་ དཀའ་ངལ་ཡོད་མི་དེ་ ཐོག་ཁ་ལས་ཕར་ སྣུམ་འཁོར་བདའ་ཚུགས་པའི་ ཟམ་རྐྱབ་ནིའི་ དུས་ཚོད་རན་ཡི་ཟེར་ཀུན་ལེགས་རྡོ་རྗེ་གིས་ བཤད་ཅི། 

ལྕང་ཟམ་ཏོག་ལས་ སྡེཔ་སྲིད་ཚུན་གྱི་ལམ་དེ་ ཀི་ལི་མི་ཊར་༡ ལྷགཔ་ཅིག་ བསལ་ཚར་ཡོདཔ་བཞིན་དུ་ ལམ་འཕྲོ་མཐུད་བསལ་བའི་བསྒང་ལས་ ཐིམ་ཕུག་ལས་ སྤ་རོ་དང་ ཕུན་ཚོགས་གླིང་ལུ་ འགྱོ་མི་ཚུ་ མགྱོགས་ལམ་བདའ་སྟེ་ འགྱོ་དགོཔ་མེད་ཟེར་ བཤད་ཅི།

བདེ་ཆེན་ཆོས་གླིང་-རྟ་བབ་འདེམས་ཁོངས་ལས་ འདེམས་ངོ་བསོད་ནམས་རྡོ་རྗེ་གིས་ བཤད་མིའི་ནང་ ཐིམ་ཕུག་ཁྲོམ་དེ་ འབྲུག་གི་མི་སེར་ག་ར་འཛོམས་སའི་ ལྟེ་བ་ཨིན་པའི་ཁར་ གཞུང་གི་ཡིག་ཚང་ལྟེ་བ་ཡང་ཨིནམ་ལས་ ལོ་བསྟར་བཞིན་བཞིན་དུ་ ན་གཞོན་སྟོང་ཕྲག་ལས་བཅད་དེ་ ལཱ་གཡོག་གི་དོན་ལུ་ འོང་དོ་ཡོདཔ་ལས་ ལཱ་དང་འཆར་གཞི་ག་ཅི་ར་བརྩམ་རུང་ ལོ་དག་པ་ཅིག་གི་དོན་ལུ་མེན་པར་ ཡུན་བརྟན་གྱི་དོན་ལུ་ བརྩམ་དགོཔ་ཁག་ཆེ་ཟེར་ཨིནམ་ད་ གལ་སྲིད་ ཧེ་མའི་ལམ་ལུགས་གུ་ར་ གནས་སྡོད་པ་ཅིན་ མཐུན་རྐྱེན་དང་ ཞབས་ཏོག་ཚུ་ ཕུལཝ་མི་བདེན་ཟེར་ བཤད་ཅི།

གལ་སྲིད་ ཁོ་ར་ ཁྲོམ་དཔོན་སྦེ་ བཙག་འཐུ་གྲུབ་པ་ཅིན་ རྐང་ཁྲི་གུ་སྡོད་དེ་ ལཱ་འབད་ནི་མེན་པར་ ཁོ་ར་ ས་གནས་ཁག་ཚུ་ནང་ འགྱོ་ཞིནམ་ལས་ ལྟ་རྟོག་་དང་ ཞིབ་དཔྱད་འབད་ནི་ མི་སེར་ཚུ་གིས་ ཡིད་ཆེས་འདྲོངས་ཚུགས་པའི་ ཞབས་ཏོག་ཕུལ་འོང་ཟེར་ བསོད་ནམས་རྡོ་རྗེ་གིས་ བཤད་ཅི། 

ཁོ་ར་ལུ་ ཁས་བླངས་གསལ་བསྒྲགས་༡༥ ཡོད་མི་ལས་ ཆུ་དང་ འཁོར་ལམ་ དེ་ལས་ ཞབས་ཏོག་༣ སྦེ་ བཞག་ཡོདཔ་བཞིན་དུ་ ཧེ་མ་ཡང་ ཆུའི་དཀའ་ངལ་སེལ་ནི་ཨིན་ཟེར་ ཁས་བླངས་གསལ་བསྒྲགས་འབད་རུང་ བར་སྦིས་ས་བཟུམ་ཅིག་ནང་ འབད་བ་ཅིན་ ད་ལྟོའི་བར་ན་ཡང་ མི་སེར་ཚུ་ ཆུའི་རྐ་གུ་ སྟ་རེ་དང་ ཏོག་ཙེ་ཚུ་འབག་སྟེ་ ཆུའི་གཡུར་བ་སེལ་བར་ འགྱོ་དགོ་པའི་ཁར་ མི་སེར་ཚུ་གི་བར་ན་ འཛིང་ཐོན་ཏེ་འདུག་ཟེར་ཨིན་པས།

ཁོ་གིས་ ཆུའི་ཉམས་བཅོས་ཚུ་ ཁྲོམ་སྡེ་གིས་ འབད་ནི་དང་ ཆུའི་སྤྱོད་འཐུས་མི་བཀལ་ཟེར་ བཤད་པའི་ཁར་ མ་གཞི་ ཁྲོམ་དཔོན་བགྲེསཔ་དང་ འཆར་གཞི་འགོ་དཔོན་བགྲེསཔ་༢ ཀྱིས་ འཁོར་ལམ་བཏོན་ཡོད་རུང་ མགུ་འཁྱུ་བ་གདོང་དགཔ་སྦེ་ མ་འབད་བར་ ལུས་མི་ཚུ་ ཁོ་གིས་ ལེགས་ཤོམ་སྦེ་ མཇུག་བསྡུ་འོང་ཟེར་བཤད་ཅི། 

ད་རིས་ཕྱི་རུ་ཆུ་ཚོད་༦ ལས་ དགེ་ལེགས་ཕུག་ཁྲོམ་དཔོན་གྱི་དོན་ལུ་ འདེམས་ངོ་༢ ཀྱི་བར་ན་ མི་མང་རྩོད་བསྡུར་ལས་རིམ་ འགོ་འདྲེན་འཐབ་ནི་དང་ ནངས་པར་ ཕུན་ཚོགས་གླིང་ཁྲོམ་དཔོན་གྱི་ འདེམས་ངོ་༤ གི་བར་ན་ རྒྱང་མཐོང་ནང་ རྩོད་བསྡུར་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *